[A:༣༨༦]དཔོན་རྗེ་དཔོན་ངག་དབང་ཆོས་རྒྱན། དཀར་ཁུང་སློབ་དཔོན་ལས་ཆེན་བསོད་ནམས་ཆོས་འཕེལ་སོགས་སློབ་དཔོན་གྱི་རིགས་མཐའ་ཡས་ཤིང༌། མོས་པ་ཙམ་ཡོན་ཏན་དུ་བྱེད་པའི་ཞལ་སློབ་ཀྱི་རིགས་ནི་བདག་ཅག་ལ་སོགས་པ་མཐའ་ཡས་པས་བརྗོད་པར་ག་ལ་ལངས། དེ་ལྟར་སློབ་བརྒྱུད་རྒྱུ་སྐར་གྱི་གྲངས་ལས་བརྒལ་བ་དག་གི་ཡང་སློབ་ཉིད་སློབ་དང་བཅས་པས་འཛིན་མའི་ལྗོངས་ཀུན་ཏུ་ཐུབ་པའི་བསྟན་པ་རིན་པོ་ཆེ་དྲི་མ་མེད་པ་ཇི་སྲིད་སྲིད་མཐའི་བར་དུ་འཕེལ་ཞིང་རྒྱས་པར་མཛད་པའི་བཀྲ་ཤིས་དང་དགེ་མཚན་བསམ་གྱིས་མི་ཁྱབ་པ་འབྱུང་བ་ནི་ངེས་པ་ཡང་དག་པའོ། འདིར་འབད་དགེ་ཚོགས་བྱིན་རླབས་བདུད་རྩིའི་ཆུས། བདག་དང་མ་གྱུར་འགྲོ་བའི་སྡིག་སྦྱངས་ཏེ། །ཚེ་རིང་བདེ་སྐྱིད་ཆོས་ལ་ལོངས་སྤྱོད་ཅིང༌། །རྣམ་འདྲེན་བླ་མ་ཁྱེད་དང་མཚུངས་པར་ཤོག །རྒྱུས་ཆུང་བློ་གྲོས་རྨོངས་པའི་གར་སྟབས་ཀྱིས། །འགལ་ཟླས་ནོར་འཁྲུལ་དབང་འཁྱམས་འཁྱོག་པོའི་འགྲོས། །ཇི་སྙེད་མཆིས་ལ་མཁས་རྣམས་མི་ཁྲེལ་ཞིང༌། །ཐོག་མེད་སྡིག་དང་ལྷན་ཅིག་མཐོལ་ཞིང་བཤགས། །ཚོགས་གཉིས་ཐུགས་བསྐྱེད་རླབས་ཆེན་སྔོན་སོང་གི །ཞིང་འདིའི་ཐུབ་བསྟན་ཉིན་བྱེད་གསལ་བ་ལ། །མི་མཐུན་སྒྲ་གཅན་གཡུལ་ལས་རྣམ་རྒྱལ་བའི། །ཕ་རྒོད་ངག་དབང་རྗེ་དེས་བདག་ལ་སྲུངས། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར། །མགོན་ཁྱོད་ཞབས་དང་ནམ་ཡང་མི་འབྲལ་ཞིང༌། །གསུང་གི་བདུད་རྩིས་རང་གཞན་སྨིན་གྲོལ་ཏེ། །དོན་གཉིས་འབད་མེད་ལྷུན་གྱིས་གྲུབ་པར་ཤོག །ཐུབ་བསྟན་དྲི་མེད་བཤད་སྒྲུབ་དབྱར་མཚོ་བཞིན། །མ་གྱུར་འགྲོ་རྣམས་བདེ་སྐྱིད་ཕུན་སུམ་ཚོགས། །ཚེ་རིང་ཆོས་མཐུན་ཡིད་བཞིན་འགྲུབ་པ་དང༌། །དགེ་ལེགས་རྣམ་མཁྱེན་བཅུ་གསུམ་ས་ཐོབ་ཤོག །ཅེས་དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད་ཅེས་བྱ་བ་འདི་ནི། སྔ་སོར་ནས་དམ་པ་དེ་ཉིད་རང་ལ་རྣམ་ཐར་ཞིག་གནང་