R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༨༧
[A:༣༨༧]དགོས་ཚུལ་ལན་ཁ་རེ་ཞུས་པས་རྣམ་ཐར་འདི་འདྲ་གསལ་དྲགས་པ་ཤིས་རྒྱུ་རང་མི་ཡོང་གསུང་བ་ཞིག་བྱུང་བས་རྗེས་ནས་ཞུ་མ་སྤོབས། དུས་ཕྱིས་གདན་ས་ཆེན་པོར་སྔགས་འཆང་ཐམས་ཅད་མཁྱེན་པ་ལ་འབུལ་བ་ལྔ་ཚན་ཞིག་ཕུལ་ཏེ་དམ་པ་འདིའི་རྣམ་ཐར་ཞིག་གནང་དགོས་ཚུལ་ཞུས་པར། འདིར་གསུང་རྩོམ་གཞན་མང་བའི་མི་ཡོང་འདུག་དེ་འདྲ་ཅིག་ཁྱེད་རང་གིས་བྱས་པས་ཡོང་མོད་ཕེབས་བྱུང་བ། གསུང་དེ་དྲང་དོན་ངེས་དོན་ཅི་ལྟར་ཀྱང༌། བདག་ཆེན་འདི་དེང་དུས་ཀྱི་ས་སྐྱ་ཚད་ཀྱི་གཙོ་བོར་བཞུགས་འདུག་པས་བཀའི་གནང་བ་ཐོབ་པའི་མོས་གུས་བྱས། བདག་དང་སྐལ་བ་མཉམ་པའི་དད་ཆེན་ཁ་རེ་ལའང་ཕན་པར་སེམས་ཏེ། ཤར་རྒྱ་མཁར་རྩེར་སྐྱེས་ཤིང་རྗེ་བཙུན་བླ་མའི་ཚོགས་ལ་མི་ཕྱེད་པའི་དད་ལྡན་བྱ་བྲལ་དགེ་སློང་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་རྒྱ་གར་འཕགས་པའི་ལུགས་ལ་ཉི་མ་ཞེས་པ་ཆུ་ལུག་གྲོ་བཞིན་ཟླ་བའི་ཚེས་བཅུ་བཞི་རྒྱལ་བ་མུས་རབ་འབྱམས་པའི་དུས་བཟང་ཁྱད་པར་ཅན་གྱི་ཚེས་ལ་མང་མཁར་བསམ་འགྲུབ་ཐུབ་བསྟན་བདེ་བ་ཅན་གྱི་དགོན་པར་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །མངྒ་ལཾ།