R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༤༠༣
[A:༤༠༣]བྱོན་མཁས་དང་གྲུབ་པའི་རྣམ་པར་ཐར། །དཔག་དཀའ་མཛད་ཕྲིན་མཁའ་ལྡིང་དབང་པོའི་རྗེས། །བདག་འདྲ་ཟ་ཉལ་འཆག་གི་ཕ་བོང་གིས། །སྙེགས་པ་རང་ཉིད་ངལ་བའི་རྒྱུ་མིན་ནམ། །འོན་ཀྱང་འཇམ་དཔལ་རྡོ་རྗེ་ལྕང་ལོའི་ཚུལ། །འཛིན་པའི་བཀའ་ནན་གྱེན་དུ་མ་ལྡོག་ཅིང༌། །དད་ལྡན་གསུང་ནན་དབྱར་སྐྱེས་རྔས་བསྐུལ་ཚེ། །བདག་བློའི་གཙུག་ལྡན་རྟོགས་བརྗོད་གླུ་དབྱངས་ལེན། །འདིས་མཚོན་དུས་གསུམ་བསགས་པའི་ལེགས་བྱས་ཀྱིས། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་པདྨོའི་གཉེན། །བཤད་སྒྲུབ་འོད་ཟེར་ཕྱོགས་བརྒྱར་འཕྲོ་བཞིན་དུ། །འགྲོ་ཀུན་ཡིད་ཀྱི་ནམ་མཁར་རྟག་འཆར་ཤོག །དེ་འཛིན་མཁས་གྲུབ་ཡིད་བཞིན་དབང་གི་རྒྱལ། །སྐྱེ་རྒུའི་གཙུག་གི་རྒྱལ་མཚན་རྩེར་མཆོད་ནས། །ལེགས་བཤད་འདོད་རྒུའི་ཆར་གྱིས་ཡིད་ཅན་ཀུན། །ཚིམ་སྟེ་ལེགས་པའི་ལམ་ལ་འཁྲིད་པར་ཤོག །ཐོག་མེད་དུས་ནས་མར་གྱུར་འགྲོ་བ་རྣམས། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་ལེགས་སྤྱོད་ཅིང༌། །མཐར་ཐུག་ངེས་ལེགས་ལམ་ལ་རབ་ཞུགས་ནས། །ཟུང་འཇུག་བཅུ་གསུམ་རྡོ་རྗེའི་ས་ཐོབ་ཤོག །རྩ་བརྒྱུད་བླ་མ་ཡིད་དམ་བྱིན་རླབས་དང༌། །ཆོས་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་རྩལ། །གཏེར་བདག་ནོར་ལྷའི་ཚོགས་ཀྱི་ནུས་མཐུ་ཡིས། །བསམ་དོན་ཡི་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ་ཞེས་པ་འདི་ནི་འཇམ་མགོན་སྔགས་འཆང་ཆོས་ཀྱི་རྒྱལ་པོས་འདི་བཞིན་གྱིས་ཤིག་པའི་བཀའ་གནང་བ་དང༌། རིགས་དབོན་ཞབས་དྲུང་རིན་པོ་ཆེ། གྲུབ་པའི་དབང་ཕྱུག་ཆོས་རྗེ་རིན་པོ་ཆེ་སོགས་དད་ལྡན་སློབ་བུ་མང་པོའི་གསུང་ནན་མ་ཆོགས་པས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ངག་དབང་