R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༠༥
[A:༤༠༥]གྱིས་མ་གོས་ཀྱང༌། །ཉི་མའི་གཉེན་གྱི་རང་ལུགས་ཕ་མཐའ་ཡས། །སྤྱི་དང་ཁྱད་པར་མཁྱེན་རབ་བླ་མ་ཡི། །བསྟན་པ་མི་ཉམས་ཉིན་མོར་བྱེད་སླད་དུ། །བསམ་བཞིན་སྲིད་པ་ལེན་པའི་འགྲོ་བའི་མགོན། །དྲིན་ཅན་བླ་མ་རྡོ་རྗེ་འཆང་དངོས་རྒྱལ། །བྱང་ཆུབ་བར་དུ་མི་འབྲལ་སྙིང་དབུས་བཞུགས། །ཞེས་མཆོད་པར་བརྗོད་ནས། དེའང་བདག་སོགས་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་མགོན་དང་སྐྱབས་གཅིག་པུ། རིགས་དང་དཀྱིལ་འཁོར་ཀུན་གྱི་སྤྲོ་དང་སྡུད་པའི་བདག་ཉིད་ཅན། ཕ་བླ་མ་སྲིད་ཞིའི་གཙུག་རྒྱན་དེ་ཉིད་ཐོག་མ་མེད་པའི་སྔོན་རོལ་ནས་ཚོགས་གཉིས་རྫོགས་ཏེ་མངོན་པར་རྫོགས་པར་སངས་རྒྱས་སུ་ཟིན་ཀྱང༌། དྲང་དོན་གདུལ་བྱའི་སྣང་ངོར་མཆོག་གི་སྤྲུལ་པའི་སྐུ་ནས་རྫིང་དང་ཟམ་པའི་བར་དུ་འགྲོ་བ་སེམས་ཅན་གྱི་དོན་མཛད་པར་འདི་དང་འདི་ཞེས་ཚད་གཟུང་དུ་ཡོད་པ་ཞིག་ཅི་ལ་ཡིན་ཀྱང༌། བསྐལ་པ་བཟང་པོ་འདིར་འབྱོན་དང་བྱོན་པ་རགས་རིམ་ཙམ་བརྗོད་པའི་དབང་དུ་སོང་ན། མ་བྱོན་རྣམ་འདྲེན་ལྔ་པ་རྗེ་བཙུན་བྱམས་པ་དང༌། བདག་ཅག་གི་སྟོན་པའི་ཉན་ཐོས་རྣམས་ཀྱི་ནང་ནས་འདུལ་བ་འཛིན་པ་རྣམས་ཀྱི་གཙུག་རྒྱན་ཉེ་བར་འཁོར། མཆོག་གི་སློབ་དཔོན་ཆེན་པོས་གངས་ཅན་ལྗོངས་འདིར་སྨིན་གྲོལ་གྱི་གདམས་པ་ཡོངས་སུ་གཏད་པའི་རྗེ་འབངས་ཉི་ཤུ་རྩ་ལྔའི་ནང་ཚན་རྒྱལ་བ་མཆོག་དབྱངས། འཕགས་ཡུལ་མཁས་གྲུབ་ཀུན་གྱི་གཙུག་རྒྱན་རྗེ་བཙུན་དམ་པ་རྒྱ་གར། སྙིགས་དུས་རྒྱལ་བསྟན་སྤྱི་དང་བྱེ་བྲག་དཔལ་ལྡན་ས་སྐྱ་པ་ཞེས་མཚན་སྲིད་པ་གསུམ་གྱི་ཁོར་ཡུག་ཏུ་ཉི་ཟླ་ལྟར་གྲགས་པའི་བསྟན་པའི་སྲོག་ཤིང་ཀུན་མཁྱེན་ཤེས་བྱ་ཀུན་རིག །ངེས་གསང་རྒྱུད་སྡེ་ཀུན་གྱི་སྙིང་པོ་ཟབ་ལམ་