R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༤༨
[A:༤༤༨]ཉིན་སྐུའི་ཞག་གསུམ་རང་དུ་བརྩིས་པའི་བདུན་ཚིགས་སོགས་ཡུལ་སྲོལ་དང་མཐུན་པར་དྲང་དོན་ལྟར་བསྒྲུབས་ཤིང༌། གསང་རྒྱ་གྲོལ་བ་ནས་བཟུང་ཡོན་ཏན་འབུམ་ཕྲག་དུ་མས་ཕྱུག་པའི་མཆོག་གི་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་བར། བླ་ཁག །དཔོན་རིགས། གྲྭ་རིགས་སོགས་སེར་མོ་བ། ཡོན་བདག་དད་ཅན་སོགས་མི་ནག །ཐ་ན་ངན་སློང་རྣམས་ཀྱི་མཐའ་བརྟེན་པའི་སྐྱེ་བོའི་ཚོགས་ཆེས་ཤིན་ཏུ་མང་བ་ཉིན་བསྟར་རྒྱུན་ཆད་མེད་པར་འདུས་ཏེ། གསེར་དངུལ། གོས་དར། སྣམ་རས། མཆོད་རྫས་སོགས་འབུལ་མི་ཇི་སྙེད་ཅིག་བྱུང་བར། གདུང་ཁང་གི་མཇལ་ཁ་སོགས་སྨིན་རྒྱས་འོང་བའི་བཀོད་ཁྱབ་བྱས། ཞུགས་འབུལ་ཟླ་ཚེས་དང་ཉེ་སྐབས་མཆོག་གི་སྐུ་གདུང་རིན་པོ་ཆེ་གདུང་སྒྲོམ་ནས་སྤྱན་དྲངས་ཏེ་མཚུངས་མེད་ཆོས་རྗེ་རིན་པོ་ཆེའི་ཞབས་ཕྱི། འདྲེན་མཆོག་གང་གི་སྐུའི་སྣག་དབོན། བན་ཚང་སློབ་དཔོན་སངས་རྒྱས་ལྷུན་གྲུབ་མཆེད་སོགས་དང༌། ངེད་རང་བཅས་ཞབས་ཕྱི་རགས་བསྡུས་ཀྱིས་སྲི་ཞུ་བགྱིས་ཏེ། ཐོག་མར་དྲི་བཟང་གི་ཆུས་སྐུ་ཁྲུས་ལེགས་པར་གསོལ་ཞིང༌། དར་རས་དྲི་བཟང་གི་ཚོགས་ཆེས་མང་བས་སྤགས་པ་སྐུ་ལ་གསོལ་པའི་ཕྱིར། སྣམ་སྦྱར། དབུ་རྒྱན་སོགས་ཉེར་སྤྱད་དང༌། མཆོད་རྫས་རྣམས་ཀྱིས་མཛེས་པར་བྱས་ཏེ་བཞུགས་ཁྲིའི་དབུས་སུ་སྤྱན་དྲངས། འདི་ནས་བཟུང་གདུང་མཇལ་བ་རྣམས་སྐུ་རྗེན་པར་མགོ་གཏུགས་ཆོག་པ་སོགས་དད་ཅན་རྣམས་ལ་བསམ་པ་དང་གང་མཐུན་འོང་བའི་བཀོད་པ་བྱས་ཤིང༌། ཞག་ཤས་བར་བླ་མ་དཀྱིལ་འཁོར་གྱི་གཙོ་བོར་བཞུགས་པར་དགྱེས་མཛད་རྡོ་རྗེའི་ཆོ་ག་སྨིན་རྒྱས་སུ་ཞུས། ཟླ་བ་བཅུ་པའི་ཉེར་དགུའི་ནུབ་མཆོག་གི་སྐུ་གདུང་རིན་པོ་ཆེ་གདུང་ཁང་དུ་གདན་འདྲེན་སྐབས། སྐུ་ཁྲུ་གང་ལས་