R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༤༩
[A:༤༤༩]མི་ཆེ་བར་གྱུར་པ་དེར་གནས་ཀུན་གྱི་འདྲེན་བྱེད་ཀྱི་དགའ་སྟོན་དུ་སྩལ། གནམ་གང་གི་ནམ་ལངས་ཡོས་ཀྱི་སྟེང་དུ་མཚུངས་མེད་རྔོག་སྟོན་རིན་པོ་ཆེས་དགྱེས་མཛད་རྡོ་རྗེའི་སྒོ་ནས་ཞུགས་འབུལ་བཀའ་དྲིན་བསྐྱངས་པར། རྩོལ་བ་ལ་མ་ལྟོས་པར་གདུང་ཡིད་བཞིན་གྱི་ནོར་བུའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་རང་འབར་དུ་གྱུར་པར་ཞུགས་ལ་བཞེས་ཤིང༌། ཞག་བདུན་ནས་གདུང་ཁང་ཞལ་ཕྱེས་ཏེ་གདུང་རུས་རྣམས་སྤྱན་དྲངས་པའི་ཚེ་དབུ་ཀླད་ཕལ་ཆེར་རིང་བསྲེལ་གྱི་ཕུང་པོར་གྱུར་པ་དང༌། དབུ་ཐོད་ཕེབ་ཅིང༌། ཐུགས་ལྗགས་སྤྱན་གསུམ་གསལ་བ་དང༌། ཐུགས་གཅིག་ལྷག་ཏུ་ཕེབ་པ་དང༌། དབུ་སྐྲས་མེ་མ་བཞེས་པར། གདུང་རུས་སུ་ཡིག་འབྲུ་དང༌། སྐུ་སོགས་ཇི་སྙེད་ཅིག་ཕེབ་པ་སོགས་ངོ་མཚར་བའི་རྣམ་ཐར་དུ་གྱུར་ཏོ། །འདི་ལྟར་རིགས་ཀུན་བདག་པོ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་འདི་བཞིན། ཕ་བླ་མ་དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་ངག་དབང་མཁྱེན་བརྩེ་རབ་བརྟན་གྱིས་མཛད་པ་ཡིན་ཀྱང་ཐུགས་བྲེལ་སྣ་ཚོགས་ཀྱི་དབང་གིས་མགོའི་མཆོད་བརྗོད་དང་མཇུག་བསྡུ་མ་གྲུབ་པ་ཞིག་ཤོག་དྲིལ་དུ་གནང་འདུག་པར་མཛད་པ་མ་ལ་རང་བཟོའི་ལྷད་ཅུང་ཟད་ཀྱང་མ་བྲིས་ཤིང༌། མཆོད་བརྗོད་དང་མཛད་བྱང་ལྕེ་རིགས་རྡོ་རྗེ་ཕྲེང་བའི་གྱི་ནར་འདུག་པས་མུནྡྲཱའི་མིང་ཅན་རྗེ་བླ་མའི་ཞབས་རྡུལ་སྤྱི་བོར་ལེན་པ་དག་གིས་རེས་གཟའ་ལྷའི་བླ་མ་དང་རྒྱུ་སྐར་རྒྱལ་འཛོམ་པའི་ཉིན་བཀོད་དེ་རྣམ་ཐར་སྟོད་ཆའི་མཇུག་ཏུ་སྦྱར་བའོ།། མངྒལཾ།། །།