R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༢༤
[A:༦༢༤] ཁ་བཏགས་ཀྱི་གཡབ་མོ་གནང༌། རྟ་ཁ་བསྒྱུར་ཐེངས་གསུམ་བྱས། རབ་བྱུང་མཁན་སློབ་སྡེ་པ་ཆོས་མཛད་སོགས་སྐ་ཅོག་མཆོད་རྟེན་ནས་ཕྱིར་ཕེབ། དམངས་རྣམས་དལ་ལ་ཁོངས་སུ་བཀའ་ཀུན་དོན་གྱིས་དབང་དཔལ་སྔོན་དུ་བཏང་པའི་གུང་ཚིགས། གསོལ་ཇ། ཞལ་ངོ་སྐུ་རྟེན་ལགས་ཀྱིས་གསོལ་ཞོ་སོགས་རྒྱས་པར་བྱུང་ཞིང༌། དེ་ནས་ངེད་རྣམས་ཡར་ཐོན། ཁོང་དཔོན་སློབ་རྣམས་ཕྱིར་ཕེབ། ཐུགས་འཕྲེང་བར་གནང༌། གཡབ་མོ་དང་རྟ་ཁ་བསྒྱུར་བ་ལན་གསུམ་བྱས། དེ་ནུབ་སྒྲགས་མདར་བསྡད། འཕྲད་མི་མང་བར་བྱུང༌། སང་ཉིན་སྔ་བར་བཏེག་པས་རྡོར་བྲག་ཀླུ་སྡིངས་སུ་སྡེ་པ་ཆོས་རྗེ་ལགས་ཕེབ་པའི་ཐབ་བསུ། གུང་གྲོ་རྒྱས་པར་གནང༌། གསུང་གླེང་འཕེལ་བར་བྱུང༌། དེ་ནུབ་རང་གནས་སུ་སྔ་བར་སླེབས། རེ་ཞིག་ངལ་བསོས། ཡང་ཚེས་བཅུ་དགུ་སྐོར་ལ་སྒེར་པ་རྗེ་དྲུང་རིན་པོ་ཆེ་ཕེབ་པར་རྡོ་རྗེ་རྣལ་འབྱོར་མའི་ཁྲིད་ཞལ་ཤེས་ཀྱིས་བརྒྱན་པ་ཤིན་ཏུ་སྨིན་པ་ཞག་བཅུ་གཅིག་གི་བར་ཕུལ་ཞིང༌། ཚར་ལུགས་འཇིགས་བྱེད་བཅུ་གསུམ་མའི་དབང༌། མི་གཡོ་བ་དཀར་སྔོན། ཆགས་ལུགས་ཚེ་དཔག་མེད་དཀར་པོ་དང༌། ཁྲོ་བོ་གཙུག་ཏོར་འབར་བ། སུམ་པ་ལོ་ཙཱ་བ་ནས་བརྒྱུད་པའི་དབྱངས་ཅན་མ་དཀར་མོ། དམར་ཟོར་མའི་རྗེས་གནང་ཐུན་མོང་མ་ཡིན་པ། འཇམ་དབྱངས་ཤེས་རབ་འཁོར་ལོ་ཁྲོ་ལོ་ནས་བརྒྱུད་པ། འཇམ་དཔལ་གང་བློ་མའི་རྗེས་གནང་རྔོག་ལོ་ནས་བརྒྱུད་པ། འཇམ་དབྱངས་སྨྲ་སེང་ཡུམ་དབྱངས་ཅན་སྔོན་མོ་དང་བཅས་པའི་རྗེས་གནང་ཕ་དམ་པ་ནས་བརྒྱུད་པ། སོ་སོའི་ཡི་གེ་ལུང་བཅས་འཁྲུགས་དྲག་པ་རང་མ་བྱུང་ཀྱང་ཞག་བཅུ་གཅིག་བར་དུ་ཕུལ། ལྕགས་ཟམ་པ་བསྟན་འཛིན་