R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༢༥
[A:༦༢༥]མཆོག་གྲུབ་ཀྱང་ཞབས་ཕྱིར་ཡོད། དེ་གྲོལ་འཕྲལ་འབྲས་སྤུངས་གནས་ཆུང་ནས་ལྷུན་གྲུབ་ཆོས་འབྱོར་ཅན་གསུམ་ཕེབ་པར་ཀྱེ་རྡོ་རྗེའི་དབང་རས་བྲིས་ལ་བརྟེན་པ། མཁའ་སྤྱོད་མའི་བྱིན་རླབས་དང༌། ཁྲིད་སྨིན་པ་དང༌། གུར་ལྷ་བརྒྱད་དང༌། དམག་ཟོར་མའི་རྗེས་གནང་ཐུན་མོང་མ་ཡིན་པ་བགྱིས། ར་བ་སྨད་ནས་རབ་འབྱམས་པའི་བྱམས་པ་དང་ལྡིང་དཔོན་ཨ་མགོན་སོགས་བཅུ་སྐོར་དང༌། མདའ་ཕུ་དགོན་ནས་སྟག་རུ་བའི་ཆོས་ལགས་སོགས་ལྔ་བཅས་པར་བདེ་མཆོག་ལྷ་ལྔའི་དབང་སྟ་གོན་དངོས་གཞི་བཅས་དང༌། ཀུན་རིག་གི་དབང༌། འཆྀ་མེད་དཔལ་སྟེར་གྱི་ཚེ་དབང༌། མདའ་ཕུ་རྣམས་ལ་དམར་ཁྲིད་ཚེམ་ཅ་བུ་ལུགས་ཀྱི་ཤར་ཁྲིད་རྣམས་བྱས། འཕགས་སྡེ་པ་ཀུན་དགའ་འབྱུང་གནས་བཅས་བཞི། རྣམ་སེར་རབ་འབྱམས་པ་ལྷུན་གྲུབ་རྒྱལ་པོ་བཅས་པར་དགེ་ཚུལ་དང༌། འབྱུང་འདུལ་དང༌། གུར་ལྷ་བརྒྱད་ཀྱི་རྗེས་གནང་བྱས། བསམ་ཡས་ནས་སླེབ་འཕྲལ་ཡབ་སྐུ་ཞབས་དང༌། སྡེ་པ་བཀའ་བློན་གཉིས་བཅས་ནས་ལན་དྲུག་གི་བར་བཀའ་ཐམ་གནང་བའི་འོང་དགོས་ཚུལ་ཕེབ་ཀྱང་ཁམས་མ་དྲག་པས་བཀའ་འགྱང་ཞུས། སྡེ་པ་ཁྲུས་ཕུ་ནས་ཡབ་ལྷ་ས་ནས་ཚུར་ལམ་ཕེབ་པའི་བཀའ་བློན་ཞལ་ངོ་གཉིས་སོགས་ནས་གང་ཅིའི་གསུང་འཕྲོས་རྒྱས་པར་གནང་འདུག་ཚུལ་དང༌། ཁམས་བདེ་མུས་བྱུང་ན་གང་མགྱོགས་ཕྱིན་པ་རང་དགའ་བ་འདུག་ཚུལ་ཕེབ་ཅིང༌། འདི་སྐབས་གྲྭ་པ་རྣམས་དང་གཙོ་བོར་བླ་བྲང་ནས་ཁུར་བླངས་པའི་སྐུ་འབུམ་ལ་ཞིག་གསོ། གཞི་བདག་གི་མཁར་སོགས་རྒྱས་པར་བགྱིས་པའང་གེགས་མེད་དུ་གྲུབ།