R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༩༨
[A:༢༩༨]དུ་བཤད་པའི་རྣམ་ཐར་ཟིན་བྲིས་འཕགས་སྡེ་བའི་ཤོག་དྲིལ་རྣམས་བསྐུར་བ་དང་ལྷན་ཅིག་རྣམ་ཐར་རྩོམ་དགོས་ཀྱི་བསྐུལ་མ་རྟེན་བཅས་བྱུང་དོན་བཞིན་འགྱངས་མིན་ལེགས་པར་སྦྱར་བ་འདི་ཉིད་ཀྱི་ཚེ་དབུའི་མཆོད་བརྗོད་རྣམས་བརྩམས་པའི་ནུབ་མོ་རྨི་ལྟས་སུ། དཔལ་ས་སྐྱའི་དཔོན་པོ་རིའི་ལྡེབས་ལ་འབྲོང་རྒོད་ཤིན་ཏུ་གཟི་བརྗིད་ཅན་ཞིག་འོངས་ནས་ངེད་རང་ལ་དགའ་བའི་རྣམ་འགྱུར་གྱིས་བལྟས་པའི་ཚེ། བསམ་པར་སྔོན་དཔལ་ལྡན་ཨ་ཏི་ཤའི་གཟིགས་སྣང་ལ་ཤར་བ་དེའང་འདི་འདྲ་ཞིག་ཡིན་འདྲ་སྙམ་པ་དང༌། ཡང་ནུབ་གཅིག་རྨི་ལྟས་སུ་རིན་ཆེན་སྒང་གི་སྤང་གཤོངས་ན། འབྲོང་ཕོ་མོའི་ཁྱུུ་དཀྱིལ་དུ་བསྡད་པ་སོགས་རྣམ་ཐར་འདི་ལ་རྗེ་བཙུན་ས་སྐྱ་པའི་ཆོས་སྲུང་རྣམས་ཤིན་ཏུ་འགོ་བའི་མཚན་མ་དང༌། རྩོམ་གྲུབ་རྒྱུའི་སྔ་དྲོ་རྨི་ལྟས་སུ་སྲོག་ཆགས་ཀྱི་ར་དུང་ཡིད་དུ་འོང་བ་ཞིག་ངེད་རང་ནས་བུས་པར་ཆོས་དུང་དཀར་མོ་རྒྱང་གྲགས་ཀྱི་གསུང་དང་དབྱེར་མེད་སྒྲོག་ཅིང༌། རྩོམ་གྲུབ་ལ་ཁད་ཀྱི་ཡི་གེའི་འདུ་བྱེད་སྐབས་གྲུབ་དབང་སྒྲོ་ལུང་པ་མང་ཐོས་བསོད་ནམས་ཆོས་འཕེལ་གྱི་དབུ་སྐྲ་དང༌། བཅུ་ཤད་ལུང༌། འདྲ་སྐུ་ཆེ་ཆུང༌། ཨ་ཎི་དྲུང་རྗེ་བཙུན་ཀུན་དགའ་བསྟན་པའི་ཉི་མའི་དབུ་སྐྲ་བཅས་གམ་དུ་འབྱོར་པ་སོགས་དཔྱོད་ལྡན་གྱིས་བལྟས་ན་གང་ཡིན་ཤེས་པར་འགྱུར་བའི་དགེ་མཚན་དེ་དག་དང་བཅས་དཔལ་ས་སྐྱའི་གཞི་ཐོག་བླ་བྲང་གི་ཡང་སྟེང་གཟིམས་ཆུང་ཤར་རྡོ་རྗེའི་གུར་ཁང་དུ་ལེགས་བར་སྦྱར་བ་འདིའི་དགེ་བས་རྗེ་བཙུན་བླ་མའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་