R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༧༡༤
[A:༧༡༤]དྲག་རྩུབ་རང་ཞིར་མཛད་ལ་འདུད། །ཡོངས་རྫོགས་བསྟན་པའི་ཉམས་ལེན་སློབ་བཤད་ཆོས། །སྐལ་ལྡན་གདུལ་བྱར་འདོམས་ཚེ་ཀ་བཞི་དང༌། །གདུང་བརྒྱད་ཞལ་སློབ་ལུང་བསྟན་བདག་མེད་མའི། །དབང་ཚེ་བདུད་རྩི་འཁོལ་འབར་ལུད་ལ་འདུད། །གཞན་ཡང་སྣོད་ལྡན་སློབ་མར་ནང་གི་ནི། །ཕག་མོ་མིག་ལམ་སྩལ་དང་བིར་བསྲུངས་དུས། །ཉི་ཟླ་འགྲོ་འོང་བཀག་སོགས་རྫུ་འཕྲུལ་གྱི། །ངོ་མཚར་མང་དུ་བསྟན་ལ་གསོལ་བ་འདེབས། །དབང་ལུང་མན་ངག་རྗེས་གནང་ཁྲིད་ཀུན་ཀྱང༌། །བཀའ་བབས་ཕྱག་བཞེས་ངོ་སྤྲོད་ལ་སོགས་པ། །མ་འདྲེས་བརྡ་དོན་འཕྲོད་པའི་གསུང་སྙན་པོས། །གདུལ་བྱའི་བློ་གྲོས་སྤེལ་ལ་གསོལ་བ་འདེབས། །སྔགས་འཆང་ཆོས་རྗེ་ཨ་མེས་ཞབས་སོགས་ཀྱི། །མཛད་བཟང་རྗེས་སུ་སློབ་པའི་ཐུགས་བསྐྱེད་ལྟར། །ཚོགས་ཕེབས་གདུང་རིགས་སྤེལ་དང་དེབས་བསྒྲིགས་སོགས། །ངོ་མཚར་ཕྱག་རྗེས་སྲིད་མཐར་གསལ་ལ་འདུད། །བསྟན་འགྲོའི་དོན་དུ་སྐུ་སྲོག་ཕོངས་མེད་བཏང༌། །གདུག་རྩུབ་དགྲ་འདྲེ་བྱམས་དང་སྙིང་རྗེས་སྦྱངས། །འཁྲུལ་སྣང་ཨ་འཐས་རྫུན་གཏིབས་ཀུན་འདག་དང༌། །ཀུན་བཟང་རང་དབང་ཐོབ་ལ་གསོལ་བ་འདེབས། །ཞེས་ས་གསུམ་འགྲོ་བའི་བླ་མ་ཡབ་རྗེ་རྡོ་རྗེ་འཆང་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་གསོལ་འདེབས་མདོར་བསྡུས་པ་འདིའང༌། གང་གིས་སྐྱེ་བ་དུ་མར་རྗེས་སུ་བཟུང་བའི་བཀའ་སློབ་ཀྱི་ཐ་ཤལ་ཝ་ཀུན་བཀྲས་ཀྱིས་ཡུད་ཙམ་ཞིག་ལ་སྦྱར་བའི་དགེ་བས་བདག་སོགས་སྐྱེ་འགྲོ་ཀུན་གྱི་རྒྱུད་ལ་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །དེ་ལྟར་རྣམ་ཐར་གསོལ་འདེབས་མདོར་བསྡུས་ཀྱིས། །ངག་སྙན་