R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༤༦
[A:༡༤༦]མུན་ནག་ཏུ། །འཁྱམས་ཚེ་སྐྱེ་བའི་ཟླ་བ་ཤར། །རྟག་པའི་སྣང་བ་ལ་ཞེན་ཚེ། །གཟུགས་སྐུ་ནུབ་ཀྱི་རི་རྩེར་ཕྱོགས། །ཀྱེ་མ་འཇིག་རྟེན་གསུམ་གྱི་མགོན། །བདུད་རྩི་ལས་ཀྱང་རྙེད་དཀའ་བ། །འགྲོ་འདིའི་བསོད་ནམས་ལག་པ་ཡིས། །མ་ཟིན་ཞིང་ཁམས་གཞན་དུ་བཞུད། །ཀྱེ་མ་བསྟན་པའི་སྲོག་ཤིང་ཆག །ཐར་ལམ་སྟོན་པའི་ཉི་མ་ནུབ། །ཉོན་མོངས་སྲེག་པའི་མེ་ཆེན་ཤི །ཕན་བདེའི་དཔག་བསམ་ལྗོན་པ་འགྱེལ། །དེ་མཐོང་དམ་ཡེ་མི་ཕྱེད་པའི། །རྒྱལ་བ་གཉིས་པའི་སྐུ་བརྙན་གྱི། །སྤྱན་ལས་མྱ་ངན་ཆུ་ཐིགས་ཀྱི། །དོག་པ་མུ་ཏིག་འོད་ཅན་བབས། །དེ་སོགས་ཞིང་འདིར་ཐུགས་བརྩེ་བའི། །རྒྱལ་ཀུན་སྐྱོ་བའི་ཚུལ་བཞེད་ན། །ཡིད་ཅན་རྣམས་ཀྱི་སྙིང་འདི་ནི། །དུམ་བུར་མི་འགས་རྡོ་རྗེའམ་ཅི། །འོན་ཀྱང་འཕགས་རྣམས་སྤྲོས་བྲལ་གྱི། །ཞི་བའི་དབྱིངས་སུ་རབ་གཟིམས་ཀྱང༌། །འབད་མེད་ལྷུན་གྱིས་གྲུབ་པ་ཡི། །འགྲོ་དོན་ཆུ་བཞིན་རྒྱུན་མི་འཆད། །དེ་སླད་རྩེ་གཅིག་དད་པ་ཡིས། །གསོལ་འདེབས་པདྨོ་དགོད་བྱས་ན། །བྱིན་རླབས་སྦྲང་རྩིའི་དོག་པ་ནི། །རྟག་ཏུ་སྩོལ་བར་གདོན་མི་ཟ། །མགོན་དེའི་ཐུགས་དགོངས་རྫོགས་པའི་སླད། །རྣལ་འབྱོར་བདུད་རྩིས་རྟག་མྱོས་ཤིང༌། །འཇམ་དཔལ་དབྱངས་དང་དབྱེར་མེད་དེས། །ཀུན་ཏུ་བཟང་པོའི་སྤྱོད་པ་བསྐྱངས། །གཏོང་ཕོད་དམ་པའི་ཆུ་གཏེར་གྱིས། །ཚོགས་གཉིས་མེ་ཏོག་སྐྱེད་བསྲིངས་བས། །ཆོས་ཀྱི་སྐུ་ཡང་རབ་དགྱེས་པ། །ཉི་མས་པདྨོ་བཞིན་དུ་བྱས།། །།དེ་ལྟར་ཛམྦུའི་རྐང་འཐུང་གིས་ཉེ་བར་མཚན་པའི་ལྗོངས་འདིར་ཐུབ་བསྟན་ཀུ་མུ་དཱའི་ཚལ་བཞད་པ་དང༌། འགྲོ་བ་རྣམས་ཀྱི་རབ་རིབ་ཐམས་ཅད་དབྲོག་པའི་སླད་དུ་བསམ་བཞིན་དུ་སྐུའི་སྐྱེ་བ་བཞེས་པ་འདྲེན་མཆོག་སྨྲ་བའི་ཟླ་བ་མཁན་ཆེན་ནམ་མཁའི་མཚན་ཅན་གྱི་རྣམ་པར་ཐར་པ་སོ་སྐྱེའི་བློ་ཡུལ་དུ་གྱུར་པ་རྣམས་ལེགས་པར་བཀོད་ཟིན་ཏོ།། །།སླར་སྨྲས་པ། མཛེས་མཛེས་མཁྱེན་པའི་