R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༤༧
[A:༡༤༧]ལང་ཚོ་དར་བབས་མཛེས་མཛེས་མཁས་མང་དབུས་ན་རབ་མཛེས་མཛེས། །མཛེས་མཛེས་ཉམས་རྟོགས་ནོར་བུའི་རྒྱན་ལྡན་མཛེས་མཛེས་གྲུབ་པའི་གཙུག་ཏུ་ཉེར་མཛེས་མཛེས། །མཛེས་མཛེས་ཕྲིན་ལས་རྨད་དུ་བྱུང་བས་མཛེས་མཛེས་ཐུབ་བསྟན་རྒྱས་པར་མཛད་མཛེས་མཛེས། །མཛེས་མཛེས་དཔལ་ལྡན་བླ་མ་མཆོག་དེར་མཛེས་མཛེས་སྤྱི་བོས་ལན་བརྒྱར་མཆོད་མཛེས་མཛེས། །གང་གི་ཡོན་ཏན་ཟབ་ཅིང་རྒྱ་ཆེ་བ། །རྒྱ་མཚོའི་ཀློང་དང་ལྷ་ཡི་ལམ་གྱིས་ཀྱང༌། །གཞལ་བར་ནུས་མིན་དེ་ཕྱིར་རྒྱལ་རྣམས་ལས། །གཞན་པའི་སེམས་ཀྱིས་ཕྱོགས་རེའང་རྟོགས་པར་དཀའ། །འོན་ཀྱང་ཅུང་ཟད་ཙམ་ཞིག་བསྙད་པས་ཀྱང༌། །དཀར་མིན་ལས་ཀྱི་སྨག་རུམ་གཞིལ་བ་དང༌། །ཚོགས་གཉིས་སྣང་བ་ཆེས་ཆེར་རྒྱས་འགྱུར་ཞེས། །གཏམ་འདི་རྣ་བའི་བཅུད་དུ་སོན་པའི་མོད། །ཡིད་འོང་དད་པའི་སེམས་ཀྱི་ལག་པ་ཡིས། །ཡིད་འོང་ཡོན་ཏན་མེ་ཏོག་གང་རྙེད་པ། །ཡིད་འོང་སྙན་པའི་སྲད་བུ་ལ་བརྒྱུས་འདི། །ཡིད་འོང་དལ་འབྱོར་དོན་དང་ལྡན་ཕྱིར་བྱས། །ཀྭ་ཡེ་བློ་གྲོས་ཟླ་འོད་ལྟར་གསལ་ཞིང༌། །ཐར་པ་འདོད་པའི་བཞིན་རས་མཛེས་པ་དག །གུས་པས་པིར་གྱིས་འདི་ཡི་རྣམ་ཐར་རྣམས། །སྙིང་ལ་བྲིས་དང་བྱིན་རླབས་འཇུག་པར་ངེས། །འདི་ལྟར་བགྱིས་པའི་དགེ་བ་དྲི་མེད་ཀཻ་ལཱ་ཤ་ལྟར་དཀར་བ་དེས། །ནམ་མཁའ་དང་མཚུངས་ཕ་མཐའ་མི་མངོན་ཡིད་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱི། །སྡུག་བསྔལ་རྒྱུ་བཅས་དུས་མཐའི་མེ་ཡིས་བུད་ཤིང་ལྟ་བུར་རབ་བཅོམ་སྟེ། །དཔག་བསམ་ཤིང་བཞིན་འདོད་དགུ་སྦྱིན་མཁས་འཆི་མེད་རྒྱལ་བའི་ས་ཐོབ་ཤོག། །།དཔལ་ལྡན་བླ་མ་དམ་པ་གསུམ་གྱི་རྟོགས་པ་བརྗོད་པ་ངོ་མཚར་མེ་ཏོག་གཡོ་བའི་འཁྲི་ཤིང་བྱིན་རླབས་འདོད་དགུའི་འབྱུང་གནས་ལས། །མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ནམ་མཁའ་འཆི་མེད་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་དང་པོའོ།། །།