[B:57a]ཆེ་བར་གྲགས་པ་གཞན་དག་ལས་རྨད་དུ་བྱུང་ཞིང་འགྲན་ཟླ་དང་བྲལ་བ་བསྒྲུབ་པར་མཛད་ཅིང་། བླ་མ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་ཟག་པ་མེད་པའི་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྐང་ནས། གདུལ་བྱ་རྣམས་བསོད་ནམས་ཀྱི་ཚོགས་ཆེན་པོ་སྤེལ་བའི་སླད་དུ། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་གཙོ་བོར་གྱུར་པའི་སྡེ་འདི་ཉིད་སོགས་སུ་སྐུ་གསུང་ཐུགས་ཀྱི་རྟེན་ལ་མཆོད་རྫས། དགེ་འདུན་པའི་ཚོགས་སྐྱེ་འགྲོ་དཔག་ཏུ་མེད་པ་དང་བཅས་པ་ལ་རྙེད་བཀུར་སྦྱིན་གཏོང་གི་རིམ་པ་སོགས། སྐུ་ལྡད་ཀྱི་རྣམ་པ་ཡང་དུས་གསུམ་ཁེགས་པར་བསྒྲུབས། དེ་ནས་རྗེ་བཙུན་དམ་པ་དེའི་བྱིན་རླབས་དང་[A:190]མཐུ་སྟོབས་ཀྱི་མངའ་དབང་དུ་གྱུར་པ་རྒྱལ་སྲས་ལྷའི་མཚན་ཅནཙམ་གྱི་མཁྱེན་པ་དང་། དད་པ་དང་། འདུན་པ། བརྟུལ་ཕོད་པ་རྨད་དུ་བྱུང་བས་ལོངས་སྤྱོད་ཀྱི་སྙིང་པོ་དོན་ཡོད་པར་བྱ་བའི་ཕྱིར་དང་། དད་ལྡན་གྱི་གདུལ་
བྱ་རྣམས་ཀྱིས་ཀྱང་གང་ལ་གང་འཚམས་པའི་དངོས་པོ་ལྟོས་པ་མེད་པར་ཕུལ་ཏེ། སླར་ཡང་ཡིད་བཞིན་གྱི་ནོར་བུ་
གདུང་རིལ་པོ་གཅིག་པ། ལྷ་དང་བཅས་པའི་བསོད་ནམས་ཀྱི་ཞིང་དུ་བཞུགས་སུ་གསོལ་བའི་རྟེན་དུ། ཆོས་ཀྱི་སྐུའི་རྟེན་གཙོ་བོར་རྣམ་གྲངས་བརྒྱད་གཙུག་ཏོར་དྲི་མ་མེད་པ་ལས་གསུངས་པའི། རྡོ་རྗེ་གདན་དུ་མངོན་པར་བྱང་ཆུབ་པའི་ཚེ་བརྩིགས་པ་བྱང་ཆུབ་ཆེན་པོའི་མཆོད་རྟེན་དུ་གྲགས་པའི་དབྱིབས་ཇི་ལྟ་བུར་གསེར་དངུལ་སོགས་རིན་པོ་ཆེ་སྣ་ཚོགས་པ་ལས་བསྒྲུབས་པའི་རྣམ་པ་ནི་འདི་ལྟ་སྟེ། དེ་ཡང་རྟེན་ཕུན་སུམ་ཚོགས་པ་ནི། རྣམ་པར་དཀར་བའི་ས་འཛིན་ཆེན་པོ་ལ་གནས་པའི་སྟོབས་དང་མི་འཇིགས་པའི་བདག་ཉིད་ཅན་གྱི་སེང་གེ་རལ་པ་ཅན། ཉོན་མོངས་པའི་རི་དྭགས་ལ་ཁྲོ་ཞིང་གཏུམ་པའི་རྣམ་འགྱུར་སྟོན་པ་བརྒྱད་ཀྱིས་ལུས་ཀྱི་སྟོབས་རྨད་དུ་བྱུང་བས་རིན་པོ་ཆེ་ལས་གྲུབ་པའི་ཁྲི་འཕང་མཐོ་[A:191]ཞིང་ཁྱོན་ཡངས་པའི་ཁུར་དག་མངོན་པར་བཏེག་པ། དེའི་དབུས་ཀྱི་སྒོ་ཁྱིམ་བཞི་ལ་བདེན་པ་བཞིའི་ངོ་བོ་འཆི་མེད་དབང་པོ་དམ་པ་ཡུལ་འཁོར་སྲུང་ལ་སོགས་པ་བཞི་པོ་རང་རང་གི་ཆ་བྱད་དང་རྒྱན་གྱིས་བརྒྱན་ཏེ། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་བཀའ་དམ་པའི་ཆོས་སྐྱོང་བའི་ལས་