R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༤༤
[A:༣༤༤]མི་གཟུགས་དུད་འགྲོ་རྣམས། །སྲིད་པའི་མཚོ་ལས་བསྒྲལ་དུ་གསོལ། །སྲིད་གསུམ་མཆོད་པའི་ཞིང་མཆོག་ཏུ། །བཞག་པའི་སྐུ་གདུང་རིན་པོ་ཆེར། །རྒྱུད་ནས་ཇི་སྐད་གསུངས་པ་ལྟར། །སྲི་ཞུའི་བྱ་བ་རྫོགས་པར་བསྒྲུབས། །ཁྱད་པར་བླ་མ་ཡི་དམ་གཉིས། །དབྱེར་མེད་གཅིག་ཏུ་བསྐྱེད་བྱས་ནས། །སྒྲུབ་ཅིང་མཆོད་པ་ལ་སོགས་པའི། །བསོད་ནམས་སྒོ་འཕར་ཅི་ཡང་ཕྱེས། །དབུས་གཙང་དག་པའི་མཁར་ཤར་བའི། །བླ་མ་ལྷ་དང་དགེ་འདུན་ལ། །རྙེད་དང་བཀུར་སྟི་སྟོབ་པ་སོགས། །བསོད་ནམས་ཇི་ལྟར་ནུས་བཞིན་བསགས། །དད་པའི་ཆུ་ཡིས་སྙིང་བརླན་པའི། །སྐལ་བཟང་བསོད་ནམས་ཞིང་མཆོག་ཏུ། །ཆོས་སྐུའི་རྟེན་དང་གཟུགས་ཀྱི་སྐུ། །བྲིས་དང་འབུར་དུ་བཅས་པ་བཞེངས། །དེ་སོགས་རྗེས་ཀྱི་བྱ་བ་ཀུན། །འབད་མེད་ལྷུན་གྱིས་གྲུབ་པ་དང༌། །ངོ་མཚར་ལྟས་ཀྱང་མང་སྣང་བས། །མགོན་དེས་རྗེས་སུ་བཟུང་སྙམ་བྱེད། །དཀར་པོའི་ལས་ཀྱིས་དབུལ་བ་ཡི། །བདག་ཅག་ངན་འགྲོར་ལྷུང་དོགས་ནས། །བསོད་ནམས་ཅུང་ཞིག་གསོག་པའི་སླད། །འདི་འདྲའི་གནས་སྐབས་བསྟན་ནམ་སྙམ། །ཇི་སྲིད་འཁོར་བ་མ་སྟོངས་པར། །དེ་སྲིད་གང་འདུལ་སྐུར་བསྟན་ནས། །འགྲོ་བའི་རེ་འདོད་སྐོང་བ་ནི། །ཡིད་བཞིན་ནོར་བུས་མཚོན་མ་ཡིན། །ངན་སོང་ལྟ་བུར་མགོན་མེད་པའི། །བདག་ཅག་གདུང་བ་སེལ་བའི་སླད། །སྤྲུལ་པའི་ཉིན་བྱེད་མྱུར་ཤར་ཏེ། །ཕན་བདེའི་པདྨོ་རྒྱས་པར་གསོལ། །བདག་ཀྱང་བྱང་ཆུབ་མ་ཐོབ་པར། །ཁྱོད་ལས་སྐྱབས་གཞན་ཡོད་མིན་པས། །དེ་ཕྱིར་ཐུགས་རྗེའི་ལྕགས་ཀྱུ་ཡིས། །འབྲལ་མེད་རྗེས་སུ་གཟུང་དུ་གསོལ། །དེ་ལྟར་ཛམྦུའི་རྐང་འཐུང་གིས་ཉེ་བར་མཚན་པའི་ལྗོངས་འདིར། འགྲོ་བ་རྣམས་ཀྱི་མ་རིག་པའི་མུན་པ་མཐའ་དག་སེལ་བ་དང༌། ལུང་དང་རྟོགས་པའི་འདབ་སྟོང་རྣམ་པར་རྒྱས་པའི་སླད་དུ་བསམ་བཞིན་དུ་སྐུའི་སྐྱེ་བ་བཞེས་པ་འདྲེན་མཆོག་