R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༤༥
[A:༣༤༥]སྨྲ་བའི་ཉི་མ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་སོ་སྐྱེའི་བློའི་སྤྱོད་ཡུལ་དུ་གྱུར་པ་རྣམས་རེ་ཞིག་བཀོད་ཟིན་ཏོ། །སླར་སྨྲས་པ། མཁས་པས་མཁས་པའི་བདུད་རྩིའི་ཟེར་གྱིས་ལུང་རྟོགས་ཆུ་གཏེར་འཕེལ་བགྱིད་ཅིང༌། །གྲུབ་པས་གྲུབ་པའི་གཙུག་ན་རབ་འཛེགས་མཆོག་ཐུན་དངོས་གྲུབ་སྦྱིན་མཁས་པ། །དྲན་པས་དྲན་པ་ཙམ་གྱི་མོད་ལ་སྲིད་ཞིའི་མུན་པ་ཀུན་སེལ་བ། །བླ་མའི་བླ་མ་ཐམས་ཅད་གཟིགས་དེར་སླར་ཡང་གུས་པས་ཕྱག་བགྱིའོ། །གང་དེའི་གསང་གསུམ་མེ་ལོང་གཅིག་ཉིད་དུ། །སྲས་བཅས་རྒྱལ་ཀུན་ཚུད་པའི་ངོ་མཚར་གཏམ། །མཐའ་དག་བརྗོད་ལ་འཇམ་དཔལ་དཔའ་བོ་ཡིས། །དབྱངས་ཅན་གྲོགས་སུ་སྦྲན་ཡང་ཟད་པ་མེད། །འོན་ཀྱང་དངོས་གྲུབ་རྩ་བ་བླ་མ་རུ། །ཤེས་པའི་བློ་ཡིས་ཆ་ཙམ་བསྙད་པ་འདིས། །མཛུབ་མོས་ནམ་མཁའ་བསྟན་པ་ཇི་བཞིན་དུ། །ཡོན་ཏན་བསམ་མི་ཁྱབ་ཙམ་རྟོགས་པར་བྱེད། །གྲོགས་དག་ལས་ཉོན་རབ་རིབ་ཆེར་རྒྱས་པའི། །མུན་པའི་ཁང་བུ་དག་ལས་ཕྱིར་ཐོན་ཏེ། །རྣམ་པར་ཐར་པ་འདི་ལ་ལྟོས་ཤིག་དང༌། །སྲིད་པས་བྱས་པའི་འཇིགས་པ་འཇིལ་བར་བྱེད། །འདིར་འབད་དགེ་བ་ཉིན་མོར་བྱེད་པའི་གཟིས། །འགྲོ་བའི་ལས་ཉོན་མུན་པ་ཀུན་བསལ་ཏེ། །ཡང་དག་སྣང་བ་དམ་པས་འཇིག་རྟེན་ན། །ཕན་བདེའི་དགའ་སྟོན་ཅི་ཡང་འཇོ་བར་ཤོག །དཔལ་ལྡན་བླ་མ་དམ་པ་གསུམ་གྱི་རྟོགས་པ་བརྗོད་པ་ངོ་མཚར་མེ་ཏོག་གཡོ་བའི་འཁྲི་ཤིང་བྱིན་རླབས་འདོད་དགུའི་འབྱུང་གནས་ལས། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་གཉིས་པའོ།། །།