R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༤༩
[A:༡༤༩]བྱམས་དང་སྙིང་རྗེའི་སྤྲིན་དཀར་གཡོས་པ་ལས། །འགྲོ་ཀུན་དགའ་བྱེད་སྡོམ་གསུམ་ནོར་བུའི་ཆར། །ཕབ་པས་བདག་བློའི་ཤིང་རྟ་འགེངས་མཛད་པ། །བསྟན་འཛིན་རྒྱ་མཚོའི་གཙུག་རྒྱན་ཕྱག་གི་ཡུལ། །ཨེ་མ་སྲིད་པའི་གདུང་བ་ཀུན་སེལ་ཞིང༌། །བདེ་བའི་དཔལ་སྐྱེད་སྣང་བའི་མཆོག་སྦྱིན་པ། །སྔོན་མེད་འདྲེན་པ་བདུད་རྩིའི་འབྱུང་གནས་དང༌། །མཚུངས་པ་འཇིག་རྟེན་འདིར་ནི་བྱུང་བར་གྱུར། །དེ་ཡི་ཡོན་ཏན་མཐའ་ནི་ཀུན་གསལ་གྱིས། །རང་ལུས་སྔོན་པོར་མ་སོང་དེ་སྲིད་དུ། །བཙལ་ཡང་དེ་ཡི་ངེས་པ་མ་རྙེད་རུང༌། །ད་དུང་འཚོལ་བའི་ངལ་བ་འཛིན་པ་འདྲ། །འོན་ཀྱང་ནོར་བུའི་གླིང་ནས་དེད་དཔོན་གྱིས། །རིན་ཆེན་མཐའ་དག་ལེན་པར་མི་ནུས་མོད། །ཅུང་ཟད་རེས་ཀྱང་འདོད་རྒུ་སྦྱིན་པ་ལྟར། །སྐལ་བཟང་དགའ་བ་བསྐྱེད་ཕྱིར་ཆ་ཙམ་བརྗོད། །སྤྱི་དོན་གཉིས་པ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་གསང་གསུམ་གཅིག་ཏུ་བསྡུས་པའི་ངོ་བོ། །ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་རལ་པའི་ཐོར་ཚུགས་ཨིནྡྲ་ནཱི་ལའི་མདོག་ལྟ་བུས་ལན་ཅིག་མ་ཡིན་པར་ཡང་ནས་ཡང་དུ་བཏུད་པའི་སྐྱབས་ཀྱི་མཆོག་ཏུ་གྱུར་པ། ཤེས་བྱའི་ཆོས་ཐམས་ཅད་ལ་ཐོགས་པ་མེད་པའི་མཁྱེན་རབ་ཀྱི་དཀྱིལ་འཁོར་རབ་ཏུ་རྒྱས་པ། འགྲོ་བ་རྣམས་ལ་རྗེས་སུ་ཆགས་པའི་སྙིང་རྗེའི་འོད་ཟེར་རིང་པོར་འཕྲོ་བ། སྒྲིབ་གཉིས་ཀྱི་མུན་པ་སྟུག་པོ་ཐམས་ཅད་ཡོངས་སུ་འཇིལ་བ། འཁོར་བའི་ཆུ་གཏེར་མཐའ་དག་སྐེམ་པར་བྱེད་པ། མངོན་མཐོ་དང་ངེས་ལེགས་ཀྱི་ལམ་གསལ་བར་བྱེད་པ། གསོལ་བ་བཏབ་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱི་སྣང་བ་བདེ་བླག་ཏུ་སྟེར་བར་བྱེད་པ། དཔལ་ལྡན་བླ་མ་དམ་པ་འདྲེན་མཆོག་སྨྲ་བའི་ཉི་མ་མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ན། དཔལ་ཨེ་ཝཾ་ཆོས་ལྡན་གྱི་མཁན་རབས་ཞེ་དྲུག་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་