R212: རྗེ་བཙུན་བླ་མ་དཔལ་ཨེ་ཝཾ་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོའི་རྣམ་ཐར་མདོར་བསྡུས་དད་པའི་དབྱངས་སྙན།

  • Pagination (Witness A): [-]
༄༅། །རྗེ་བཙུན་བླ་མ་དཔལ་ཨེ་ཝཾ་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོའི་རྣམ་ཐར་མདོར་བསྡུས་དད་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།།༄༅༅། །ན་མོ་གུ་རུ་བྷྱཿ རྒྱལ་ཀུན་ཐུགས་རྗེའི་ཆུ་གཏེར་ལས་འཁྲུངས་པའི། །སུམ་ལྡན་རྡོ་རྗེ་འཛིན་དབང་ཡིད་བཞིན་ནོར། །འགྲོ་ལ་ཟབ་རྒྱས་ཆོས་ཀྱི་འདོད་རྒུ་སྩོལ། །དཔལ་ལྡན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །ཞེས་མཆོད་པར་བརྗོད་ནས། རྗེ་བཙུན་བླ་མ་དམ་པའི་རྣམ་པར་ཐར་པ་ཤིན་ཏུ་བསྡུས་པ་ཞིག་གུས་པས་འབྲི་བར་བྱའོ། །དེ་ཡང་བདག་ཅག་གི་དྲིན་ཅན་རྩ་བའི་བླ་མ་དམ་པ་རྒྱལ་བ་རྡོ་རྗེ་འཆང་སུམ་ལྡན་ངུར་སྨྲིག་འཆང་བའི་སྐུར་སྣང་བ་དཔལ་ཨེ་ཝཾ་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ་ནི། གྲུབ་བརྙེས་སྔགས་འཆང་དུ་མ་བྱོན་པའི་གནུབས་ཀྱི་རིགས་ཁྱད་པར་ཅན་ལས་གཙང་རོང་སྨན་ཐང་དུ། རབ་བྱུང་བཅོ་ལྔ་པའི་མེ་ཕོ་བྱི་བའི་ལོར་སྐུ་བལྟམས། ངོར་ཨེ་ཝཾ་ཆོས་ལྡན་དུ་ཁང་གསར་བླ་བྲང་གི་ཞབས་དྲུང་དུ་མངའ་གསོལ། ཨེ་ཝཾ་པའི་ཕྱག་སྲོལ་ལྟར་ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ཐུགས་འཛིན་དང༌། ཆོ་གའི་ཕྱག་བཞེས་རྣམས་ལ་བྱང་ཆུབ་པར་མཛད། ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་སྙིང་པོ་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས་ཤིང་ཐུགས་ཀྱི་སྲས་དམ་པར་གྱུར། སྐུ་ཆུང་ངུ་ནས་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལྷན་སྐྱེས་སུ་མངའ་བའི་སྟོབས་ཀྱིས་མཛད་སྤྱོད་ཐམས་ཅད་འཕགས་པ་ས་ཆེན་པོ་ལ་བཞུགས་པའི་རྣམ་ཐར་དང་ཚུལ་མཚུངས་པ་ཀུན་ལ་གསལ་བས་ཞབས་དྲུང་དམ་པ་རིན་པོ་ཆེ་ཞེས་དེ་དུས་ས་ངོར་གྱི་བསྟན་འཛིན་ཀུན་གྱི་དབུས་ན་རྒྱུ་སྐར་གྱི་ཁྲོད་དུ་ཟླ་བ་ལྟར་མངོན་པར་འཕགས་པར་གྱུར། རྗེ་འདིའི་གསུང་རྩོམ་ཐོར་བུའི་གྲས་ཤིག་ན་འཁྲུངས་རབས་གསོལ་འདེབས་འདྲ་བ་མཛད་བྱང་མེད་པར་འཕྲོ་ཅན་ལྟ་བུ་ཞིག་བཞུགས་པ་འདི་ལྟར། དམིགས་མེད་སྤྲོས་བྲལ་ཆོས་སྐུའི་དཀྱིལ་འཁོར་བཟླུམས། །བདེ་ཆེན་ལོངས་སྐུའི་ཟེར་བརྒྱ་རབ་ཏུ་གྲོལ། །འགག་མེད་སྤྲུལ་པ་གདུལ་བྱ་པདྨོའི་གཉེན། །སྤྱན་རས་གཟིགས་དབང་ས་གསུམ་མགོན་དུ་བསྔགས། །རྒྱལ་རིགས་ཉིད་ལས་གྲུབ་པའི་བརྟུལ་ཞུགས་འཆང༌། །མཁའ་འགྲོས་རྗེས་བཟུང་མངོན་དུ་གྱུར་པ་ཡི། །རྟོགས་པ་བརྙེས་ཤིང་བདུད་དང་མུ་སྟེགས་ཀུན། །ཚར་གཅོད་རྗེས་འཛིན་མཛད་པ་དེ་ལ་འདུད། །གང་ཞིག་ཌཱ་ཀི་མ་ཡིས་རྗེས་བཟུང་ཞིང༌། །ཚེ་འདིར་བདེ་ཆེན་མཆོག་གི་དངོས་གྲུབ་བརྙེས། །གཟུགས་སྐུ་མ་སྤངས་པོ་ཏཱ་ལ་ཡི་རིར། །དངོས་སུ་གཤེགས་མཛད་ཀུ་ཀུ་རི་པར་འདུད། །མཁས་གྲུབ་བྱེ་པའི་དབུས་ན་གསེར་རི་བཞིན། །ལྷམ་མེར་གསལ་བ་ཨཱརྱ་དེ་བའི་སྲས། །གངས་ཅན་ལྗོངས་འདིར་དམ་པ་རྒྱ་གར་གྲགས། །ཀ་མ་ཤཱི་ལ་དེ་ལ་སྙིང་ནས་འདུད། །འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་སྒྱུ་འཕྲུལ་ལས། །འཆི་མེད་གཞོན་ནུའི་སྲས་སུ་སྐུར་བསྟན་པ། །ས་སྐྱ་པ་ཞེས་སྲིད་ན་ཟླ་བྲལ་བ། །ཀུན་དགའ་སྙིང་པོ་དེ་ལ་བདག་ཅག་དད། །སྙིང་རྗེའི་རང་གཟུགས་དབང་དྲག་འབར་བའི་སྐུར། །ཡོངས་བཞེངས་སྙིགས་དུས་འགྲོ་འདུལ་སྤྲུལ་པའི་སྐུ། །བརྩོན་འགྲུས་བཟང་པོ་མཚན་གསོལ་ལྕགས་ཟམ་པ། །ཐང་སྟོང་རྒྱལ་པོས་ཚེ་རབས་རྗེས་འཛིན་གསོལ། །ཞེས་འབྱུང་བས་སྐྱེས་ཆེན་དེ་རྣམས་ཀྱི་རྣམ་སྤྲུལ་དུ་ངེས་པ་རྙེད། སྐུ་ན་གཞོན་དུས་ཁང་གསར་བླ་བྲང་འབྱོར་པ་ཤིན་ཏུ་ཕྲ་བས་ཁམས་ཕྱོགས་སུ་འབུལ་སྡུད་ལ་ཆིབས་བསྒྱུར་གནང་དགོས་བྱུང་སྟེ། དེ་དུས་རྫོགས་ཆེན་མཁན་པོ་གཞན་དགའ་རིན་པོ་ཆེ་དང་མཇལ་འཕྲད་སྐབས་ས་སྐྱ་པའི་ལྟ་གྲུབ་སྐོར་ལ་བགྲོ་གླེང་བྱུང་བར་རྗེ་འདི་ཉིད་སྐུ་ན་ཕྲ་ཞིང་སྔར་ཕན་གཞུང་ལུགས་སློབ་གཉེར་མཛད་ཁོམས་བྱུང་མེད་པས་གསུངས་ལན་ཇི་བཞིན་ཕུལ་མ་ཐུབ་པས་ཐུགས་མ་བདེ་བ་དང་བཅས། ད་ནི་ཁང་གསར་བླ་བྲང་གི་ཞབས་འདེགས་འགྲུབ་རུང་མ་འགྲུབ་རུང༌། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཚུལ་བཞིན་ཉམས་སུ་ལེན་པར་སྔོན་དུ་ཐོས་བསམ་གལ་ཆེ་བས། མཁས་པའི་དབང་པོ་འདི་ཉིད་ཀྱི་དྲུང་དུ་སློབ་གཉེར་ཞིག་བྱ་དགོས་སྙམ་དུ་ཐུགས་དམ་བཅས་ཏེ། རྗེས་སུ་འཛིན་པར་ཞུ་ཞུས་པས། ཁོང་གིས་ཁྱེད་རང་ཁང་གསར་བླ་བྲང་གིས་འབུལ་སྡུད་ལ་བཏང་བས་འབུལ་སྡུད་ལ་ཕེབས།