R212: རྗེ་བཙུན་བླ་མ་དཔལ་ཨེ་ཝཾ་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོའི་རྣམ་ཐར་མདོར་བསྡུས་དད་པའི་དབྱངས་སྙན།

  • Pagination (Witness A): [-]
ཐོས་བསམ་གྱི་དཀའ་སྤྱད་ངལ་དུབ་བཟོད་པར་མི་ནུས་གསུངས་ཀྱང༌། ནན་ཏན་ཆེན་པོས་གསོལ་བ་བཏབ་པས་མཐར་ཞལ་བཞེས་ཐོབ། དེ་ནས་རྗེ་འདིའི་སྐུའི་གཅེན་པོ་གླིང་འགོ་རྩེ་ཞབས་རྒན་མ་དང༌། སྐུ་ཚ་བྲག་ར་རྡོ་རྗེ་འཆང་རྣམ་གཉིས་ལ་སློབ་གཉེར་གནང་རྒྱུའི་ཐུགས་མོས་ཡོད་ལུགས་རྒྱུ་མཚན་རྣམས་ཞུས་པས། སྐུ་གཅེན་རིན་པོ་ཆེས། ཁྱེད་ལོ་ན་གཞོན་པས་སློབ་གཉེར་བྱས་ན་ཤིན་ཏུ་འཐད། འཚོ་ཆས་ཇི་དགོས་ངས་བསྒྲུབ་འོང༌། ཁང་གསར་བླ་བྲང་ལ་འདི་ནས་ལོ་འབུལ་ཆེན་ཆུང་གང་ཐུབ་བརྫོང་འཐུས་གསུངས་པས་ཐུགས་ལ་ཚད་མེད་པའི་སྤྲོ་བ་འཁྲུངས། དེ་ནས་ཆོས་རྒྱགས་སོགས་གྲབས་མཛད་ནས། རྟ་དྲེལ་གཉིས་གསུམ་ཞིག་དང༌། ཞབས་ཕྱི་བཅས་རྫོགས་ཆེན་དུ་ཕེབས། རྫོགས་ཆེན་གྱི་ཐོད་རྫ་ཁྲོད་མཐོན་པོ་ཞིག་ན་མཁན་པོ་གཞན་དགའ་བླ་སློབ་རྣམས་འཆད་ཉན་མཛད་བཞིན་བཞུགས་ཡོད་སྐབས། རྗེ་འདི་ཉིད་ཕེབས་པའི་སྔ་ནུབ་ཏུ། མཁན་པོ་གཞན་དགའ་རིན་པོ་ཆེའི་མནའ་ལམ་དུ། བུད་མེད་རིན་པོ་ཆེའི་རྒྱན་ཅན་ལག་ན་བུམ་པ་ཐོགས་པ་ཁ་དོག་མི་འདྲ་བ་ལྔས་མགྲིན་གཅིག་ཏུ་འདི་ལྟར། ཐེག་པ་གསུམ་དང་གྲུབ་མཐའ་རྣམ་པ་བཞི། །རྒྱུད་སྡེ་བཞི་དང་སོ་སོའི་དབྱེ་བ་བཅས། །ཆོས་ཉིད་དང་མཉམ་ཆོས་ཅན་མ་ལུས་པ། །ས་ཆེན་གནས་པའི་འཕགས་ཆེན་སྤྱོད་ཡུལ་ཡིན། །ཅེས་བརྗོད་དེ་བུམ་པ་ཕུལ་བྱུང་བར། ཕྱི་ཉིན་ཁོང་གི་མནལ་ལྟས་དེ་ང་ལ་མི་ལྟ། དེ་རིང་ངའི་དྲུང་དུ་སློབ་མ་གསར་པ་སུ་སླེབས་ན་དེ་ས་ཆེན་པོ་ལ་གནས་པའི་འཕགས་པ་ཡིན་པའི་ལུང་བསྟན་རེད་ཅེས་གསུངས་པ་བཞིན། དེའི་ཉིན་རྗེ་འདི་ཉིད་རྫོགས་ཆེན་དུ་ཕེབས་ཏེ་མཁན་པོ་གཞན་དགའ་རིན་པོ་ཆེ་དང་མཇལ་བ་ཡིན་འདུག །མཁའ་འགྲོའི་ལུང་བསྟན་གྱི་རྡོ་རྗེའི་ཚིགས་བཅད་འདི་ཕྱིས་ཨེ་ཝཾ་ཆོས་ལྡན་གྱི་མཁན་ཁྲིར་མངའ་གསོལ་སྐབས་གཞན་དགའ་རིན་པོ་ཆེའི་ལྗགས་རྩོམ་ཞབས་བརྟན་གསོལ་འདེབས་སུའང་བཀོད་གནང་ཡོད། དེ་ཡང་རྗེ་ཉིད་ཀྱི་གསུང་ལས། རྫའི་རྟ་མི་ཐར་བས་རྫོགས་ཆེན་དགོན་ནས་ཁལ་མ་གསུམ་དང་ལམ་སྟོན་བཅས་གྲ་སྒྲིག་གནང་བ་ལྟར་ཕྱིན་པས་ཤིན་ཏུ་མཐོ་བའི་རྫ་ཁྲོད་ནས་དུ་བ་སྔོ་བུན་ནེ་བྱེད་པ་མཐོང་བས། ལམ་སྟོན་གྱིས་རྫ་གསེབ་ཕ་གིར་བླ་མ་གཞན་དགའ་བླ་སློབ་རྣམས་བཞུགས་ཡོད་པ་རེད་ཟེར། དེ་ནས་ཕར་ཙམ་ཕྱིན་པས་རྐང་གླིང་གི་སྒྲ་ལྟ་བུ་ཞིག་ཐོས་པ་ན། བླ་མ་གྲྭ་སློབ་རྣམས་ཆོས་གོས་སྣམ་སྦྱར་གསོལ་སྟེ་སེར་སྦྲེང་སྤོས་སྣེ་དང༌། ཆོས་ཐུན་ཚོགས་དུས་རི་དྭགས་ཀྲྀཥྞ་ས་རའི་རྭ་ཞིག་དུང་གི་ཚབ་མཛད་ཀྱིན་ཡོད་པ་དེའི་སྒྲ་དང་བཅས་བསུ་བ་མཛད་པ་མཇལ་མ་ཐག་བླ་སློབ་རྣམས་ལ་མི་ཕྱེད་པའི་དད་པ་དང་ཡིད་ལ་དགའ་བ་བསམ་གྱིས་མི་ཁྱབ་པ་སྐྱེས། ཞེས་དང༌། ངས་དཔེ་ཆ་བལྟ་དུས་བརྩོན་འགྲུས་གང་འཚམས་བྱས་ཡོད། མཚན་ལ་མར་མེའི་འོད་དུ་དཔེ་ཆ་བལྟ་བཞིན་པའི་ངང་མར་མེ་མི་གསལ་བ་ལྟ་བུ་བྱུང་སྟེ་ཕྱོགས་སུ་བལྟས་པས་ནམ་ལངས་ཟིན་པ་དེ་འདྲ་ལན་མང་པོ་བྱུང་མྱོང་གསུངས། ཚད་མ་རིགས་གཏེར་ཞུ་བའི་སྐབས་ཁ་ཅིག་གིས་ས་སྐྱ་པའི་བ་ལང་རྟོག་དཔྱོད་བྱེད་པ་དེ་ལ་དགོས་པ་ཅང་མ་མཆིས་ཟེར་བ་སོགས་རྩེད་མོ་ཞུ་བ་ལྟ་བུ་གསན་པ་དང༌། ལྷག་པར་ཐུགས་སྟོབས་བསྐྱེད་དེ། རྗེ་ཉིད་ནས་ཀྱང་ཚད་མ་རིགས་གཏེར་ཤོ་ལོ་ཀ་རེ་རེར་ཉིན་བདུན་རེ་བསམ་བློ་བཏང་ནས་སྦྱངས་པ་ཡིན། ཅེས་གསུངས། གཞན་ཡང་སྡེ་གཞུང་མཆོག་སྤྲུལ་ཨ་འཇམ་རིན་པོ་ཆེ་དང༌། སྒ་པ་བླ་མ་འཇམ་དབྱངས་རྒྱལ་མཚན་དང༌། བླ་མ་དགེ་འདུན་མཆེད་ཞལ། ཀུན་དགའ་བློ་གྲོས་སོགས་ལའང་ཚད་མ་ལ་ནན་ཏན་ཆེན་པོས་བསླབ་དགོས་པའི་ཞ་ཏ་མཛད། གཞན་དགའ་རིན་པོ་ཆེར་བ་སོ་ལས་བཟོས་པའི་གའུ་ཆུང་ངུ་ཞིག་ཡོད་པར། ཞལ་སློབ་གསེར་ཁ་ཆོས་གྲགས་ཀྱིས་ཁྱེད་ཀྱི་དྲུང་དུ་སྟོད་མངའ་རིས་ནས་སྨད་དར་མདོ་ཡན་གྱི་མི་མང་པོ་འདུས་པ་རིན་པོ་ཆེའི་གའུ་ནང་དབང་སྡུད་འཁོར་ལོ་འདྲ་ཡོད་དམ་ཞུས་པས། བླ་མ་གཞན་དགའ་རིན་པོ་ཆེས་རྗེ་འདི་ལ་སྐུ་ཞབས་རིན་པོ་ཆེ་ཞེས་མཚན་འབོད་གནང་བས། སྐུ་ཞབས་རིན་པོ་ཆེ་ལ་དབང་སྡུད་འཁོར་ལོ་བསྒྲུབས་ཟེར་ཡང་ཆོག །དེ་མིན་ཁོ་རང་ཚོ་ཡོང་བ་ལས་ངས་དབང་སྡུད་འཁོར་ལོ་གང་ཡང་བསྒྲུབས་མེད་གསུངས། ཁམས་བྱེའི་བཤད་སྒྲུབ་དར་རྒྱས་གླིང་རྫོང་གསར་སློབ་གྲྭ་བཙུགས་ནས་རིང་པོ་མ་ལོན་པའི་དུས་སུ་སློབ་གཉེར་བ་རྣམས་ལ་བར་ཆད་ཀྱི་རྣམ་པ་ཅི་རིགས་པར་བྱུང་སྐབས།