R212: རྗེ་བཙུན་བླ་མ་དཔལ་ཨེ་ཝཾ་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོའི་རྣམ་ཐར་མདོར་བསྡུས་དད་པའི་དབྱངས་སྙན།

  • Pagination (Witness A): [-]
ཤེར་དབང་གི་བཀའ་ཁྲིད་མ་འཚུགས་བར་དེར་ཆོས་མཚམས་འཇོགས་གནང་གི་ཁང་གསར་བླ་བྲང་དང༌། ཞལ་སློབ་ཚོགས་ཡོངས་ནས་ཞབས་རིམ་རྒྱ་ཆེར་བསྒྲུབ་གནང་མཛད་ཅིང༌། གསོལ་སྨན་གྱི་འཕྲོད་བཞེས་བཅས་ཟབ་ནན་མཛད་ཀྱང༌། སྐུ་ཁམས་དྭངས་བསྐྱེད་དེ་ཙམ་མ་བཞེས་ཞིང༌། མཐར་བོད་ཟླ་བཞི་པའི་ཚེས་ཤར་ནས་སྐུ་ཁམས་ཆེར་རྙོགས་ཚུལ་བསྟན་པ། ཚང་མས་སེམས་འཚབ་དང་བཅས། བོད་ཟླ་བཞི་པའི་ཚེས་བཅུ་གཅིག་ཉིན་བླ་སྤྲུལ་རྣམས་ཀྱི་གཙོ་མཛད་ཞལ་སློབ་གྲགས་གྲས་ཧྲག་འདུས་ནས་གཟིམས་ཆུང་དུ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་དང༌། སྙིགས་དུས་ཀྱི་འགྲོ་བ་སྤྱི་དང་བདག་ཅག་རྣམས་ཀྱི་མགོན་སྐྱབས་དམ་པར་སྐུ་ཚེ་ཞབས་པད་བརྟན་པའི་ཕྱག་འཚལ་ངུ་འབོད་ཀྱི་གསོལ་བ་ཇི་ཙམ་བཏབ་ཀྱང༌། ད་སྐྱོན་མེད་མི་ཡོང་ངམ་གསུང་བ་ཙམ་ལས། ཞལ་བཞེས་གསལ་པོ་ཞིག་མ་མཛད། ཕྱི་དྲོ་སྐུ་ཁམས་ཅུང་དྭངས་ཚུལ་གྱི་སྐུ་བཞེངས་མཛད་དེ་གཟིམས་ཆུང་ནང་སྐུ་འཆམ་ཅུང་ཟད་མཛད། དེའི་ཕྱི་ཉིན་ཚེས་བཅུ་གཉིས་ལ་ནམ་རྒྱུན་ལྟར་སྐུ་བཞེངས་མཛད་རྗེས་ཐོག་ཁའི་རྒྱལ་མཚན་ལ་ཉི་མ་ཤར་འདུག་གམ་ཞེས་བཀའ་འདྲི་མཛད་པ་ཞབས་འབྲིང་རྣམས་ནས། རྒྱལ་མཚན་ལ་ཉི་མ་ཤར་འདུག་ཞུས་པས། དེ་འཕྲལ་ཁ་སེང་གི་སྒྲོལ་དཀར་བུམ་ཆུ་ཁྱེར་ཤོག་གསུངས་ཏེ་བུམ་ཆུ་དང་འཕེལ་གདུང་དང༌། བྱིན་རྟེན་སྣེ་མང་བཞེས་རྗེས། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དང༌། ཕྱག་གཉིས་མཉམ་བཞག་མཛད་གྲབས་ལྟ་བུར། སླར་གུ་རུ་སྣང་སྲིད་ཟིལ་གནོན་གྱི་བཞུགས་སྟབས་ཀྱིས་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པ། སློབ་འབངས་ལྟོས་བཅས་ཀྱི་བསོད་ནམས་ཀྱི་ཉི་མ་ནུབ་ཅིང༌། མྱ་ངན་མུན་པའི་ཁུང་བུར་ཚུད་དེ། མགོན་སྐྱབས་དཔུང་གཉེན་དང་བྲལ་ཡང་ཅི་བྱ་བྲལ། སློབ་ཚོགས་ཡོངས་ནས་དགོངས་རྫོགས་མཆོད་སྤྲིན་དང་འབྲེལ། དཔལ་ཀྱེ་རྡོ་རྗེ་དང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་བཅས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་གདུང་སྒྲུབ་ཉིན་གྲངས་དུ་མ་དང༌། མཐར་གདུང་མཆོད་དངོས་གཞི་ཉིན། ཁང་གསར་བླ་བྲང་གི་གཙུག་ལག་གསར་པའི་ནང་ཕྱོགས་བཞི་དབུས་བཅས་ནས་རྒྱུད་སྡེ་ཁག་གི་བསྲེགས་བླུགས་དང་འབྲེལ། སྐུ་གདུང་རིན་པོ་ཆེ་མེ་མཆོད་འབུལ་སྒོ་ཚུགས་པ་དང་མཉམ་བར་སྣང་འཇའ་སྤྲིན་གྱིས་གང་བའི་གསེབ་ནས་ཁ་ཆར་འདྲ་བ་ལ་བཟོ་དབྱིབས་མེ་ཏོག་འདབ་མ་བཞི། བརྒྱད། བཅུ་གཉིས། བཅུ་དྲུག་ཡོད་པ་དུ་མ་རྒྱུན་རིང་བབས་ཞིང༌། ས་ཐོག་ཏུ་ཟག་མ་ཐག་ཡལ་འགྲོ་བ་ཞིག་འདུག །ཉིན་ཤས་རྗེས་ཞབས་དྲུང་རིན་པོ་མཆོག་གིས་གདུང་ཁང་ཞལ་ཕྱེ་ནས་གཟིགས་སྐབས་ཕྱོགས་ཀུན་དྲི་བཟང་པོས་ཁྱབ་ཅིང༌། གདུང་རུས་རེ་རེ་ནས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས། གསུང་རྟེན་ཡིག་འབྲུ། ཐུགས་རྟེན་མཆོད་རྟེན་སོགས་ཀྱི་རང་བྱོན་ངོ་མཚར་ཅན་དུ་མ་དང༌། ཁྱད་པར་གདུང་ཁང་དབུས་སུ་པདྨའི་སྡོང་པོ་ལྟ་བུ་ཞིག་འདུག་པ་ཞལ་ཕྱེ་ནས་གཟིགས་སྐབས་དབུས་སུ་ཐུགས་རིལ་པོ་དང༌། གཡས་གཡོན་གཉིས་སུ་སྤྱན་འོད་འཚེར་འཚེར་བྱེད་པ། མདུན་དུ་ལྗགས་ཤིན་ཏུ་སྲབ་པ་རྩེ་མོ་ནས་ཅུང་ཟད་མ་ཚང་བ་མ་གཏོགས་སྐུའི་དབྱིབས་ཇི་ལྟ་བ་བཅས་ཐུགས་ལྗགས་སྤྱན་གསུམ་ལྷན་ཅིག་ཏུ་བྱོན་པའི་རྟེན་ངོ་མཚར་ཅན་སོགས་གདུང་རུས་རྣམས་སྒྲུབ་ཆོག་དང༌། ཁྲུས་གསོལ་སོགས་རྒྱུན་རིང་མཛད་རྗེས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་ནོར་ལྷའི་སྐུ་བརྙན་བརྒྱ་ཕྲག་དུ་མ་སྨན་འདམ་དང་མཉམ་དུ་བསྲེས་ཏེ་གསར་བསྐྲུན་མཛད་རྗེས་ཕྱི་ནང་གི་གདུང་རྟེན་གསར་བཞེངས་མཛད་རྒྱུ་སོགས་མནའ་བོའི་མཛད་བཟང་ལྟར་ཐུགས་དགོངས་རྫོགས་པའི་མཆོད་སྤྲིན་སྤྲོ་བར་བརྩོན་པ་རྒྱ་ཆེར་མཛད། དེ་ལྟར་སྐྱབས་མཆོག་འཁོར་ལོའི་མགོན་པོ། །སྡེ་སྣོད་རྒྱུད་སྡེ་ཀུན་གྱི་གླེགས་བམ་གཅིག་པུ། དུག་གསུམ་ནད་ཀྱི་མནར་བའི་འགྲོ་བ་ཡོངས་ཀྱི་སྨན་པ་ཆེན་པོ། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་དང་འདུ་བའི་བྱེད་པོ་ཁྱབ་བདག་རྡོ་རྗེ་འཆང་ཆེན་སུམ་ལྡན་ངུར་སྨྲིག་འཛིན་པའི་སྐུར་བཞེངས་པ། མཁན་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གི་མཚན་སྙན་གྱི་གྲགས་པས་ཕྱོགས་ཀུན་ཁྱབ་པས་སྐབས་དེར་བྱོན་པའི་དཔལ་ལྡན་ས་ངོར་ཚར་གསུམ་གྱི་བསྟན་འཛིན་རྣམས་ཀྱི་དབུས་ཕྱོགས་དང་རིས་སུ་མ་ཆད་པའི་སྐྱེས་ཆེན་ཐམས་ཅད།