R212: རྗེ་བཙུན་བླ་མ་དཔལ་ཨེ་ཝཾ་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོའི་རྣམ་ཐར་མདོར་བསྡུས་དད་པའི་དབྱངས་སྙན།

  • Pagination (Witness A): [-]
བདག་ཉིད་ཆེན་པོ་གང་དེའི་ཞབས་ཀྱི་པདྨོ་ལ་མ་བསྟེན་པ་མེད་པ་ལྟ་བུ་སྟེ་རེ་རེ་ནས་བགྲངས་ཀྱི་མི་ལང་མོད། ཡོངས་གྲགས་ཀྱི་ཞལ་སློབ་གྲགས་ཆེ་བ་འགའ་ཞིག་གི་མཚན་ཙམ་སྨོས་ན། དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་བསམ་བཞིན་དུ་འཁོན་གྱི་རིགས་སུ་བྱོན་པ་ཁྲི་ཆེན་རྡོ་རྗེ་འཆང་དྲག་ཤུལ་ཕྲིན་ལས་རིན་ཆེན་མཆོག་གི་ཞལ་སྔ་ནས་ཀྱི་ཀྱང༌། མགོན་པོ་མཆོག་གི་སྐུ་ཆེ་བའི་ཡོན་ཏན་ལ་ཐུགས་ཡིད་རབ་ཏུ་འཕྲོགས་ཏེ། ཕྱིས་སུ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས་སྐབས་ཞིག་ལ་དཔལ་ཀྱེ་རྡོ་རྗེའི་རྒྱུ་ལམ་གྱི་དབང་ཆ་ཚང་གསན་བཞེས་མཛད་པའི་ཚུལ་རྡོ་རྗེ་འཆང་ཉིད་ཀྱི་ཞལ་གསུང་རྣམ་ཐར་དུ་གསལ་བ་ལྟར་དང༌། དེ་བཞིན་ཕུན་པོའི་ཁྲི་ཆེན་ངག་དབང་མཐུ་སྟོབས་དབང་ཕྱུག །གང་དེའི་སྐུའི་གཅུང་ངག་དབང་མཁས་གྲུབ་རྒྱ་མཚོ། སྒྲོལ་ཕོའི་འཁོན་སྟོན་ཡབ་རྗེ་ངག་དབང་ཀུན་དགའ་རིན་ཆེན་དང༌། གང་དེའི་སྐུའི་གཅུང་ངག་དབང་ཀུན་དགའ་རྒྱལ་མཚན། དེངས་སྐབས་ཀྱི་དཔལ་ས་སྐྱའི་ཁྲི་འཛིན་སྒྲོལ་མ་ཕོ་བྲང་པ། །ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་དང༌། ཕུན་ཕོའི་འཁོན་གདུང་འཇིགས་བྲལ་ངག་དབང་ཀུན་དགའ་བསོད་ནམས་དང༌། གང་དེའི་སྐུའི་གཅུང་ངག་དབང་ཀུན་དགའ་བཀྲ་ཤིས། ཐུགས་ཀྱི་སྲས་བརྒྱུད་འཛིན་གྱི་གཙོ་བོ་ཁང་གསར་ཞབས་དྲུང་རྡོ་རྗེ་འཛིན་པ་ངག་དབང་བསྟན་འཛིན་སྙིང་པོ། །ཕན་བདེ་མཁན་རིན་པོ་ཆེ་ངག་དབང་མཁས་གྲུབ་རྒྱ་མཚོ། །ཀླུ་ལྡིང་མཁན་ཆེན་ཤར་ཆེན་འཇམ་དབྱངས་ཐུབ་བསྟན་ལུང་རྟོགས་ཆོས་ཀྱི་རྒྱལ་མཚན། དཔལ་ས་སྐྱའི་ལྷ་ཁང་མཁན་ཆེན་འཇམ་དཔལ་བཟང་པོ། །ཁང་གསར་འབྲུག་པ་མཁན་རིན་པོ་ཆེ་ངག་དབང་ཡོན་ཏན་རྒྱ་མཚོ། ཁང་གསར་མཁན་པོ་ངག་དབང་མཁྱེན་བརྩེ་ཐུབ་བསྟན་སྙིང་པོ། །ཐར་རྩེ་མཁན་ཆེན་ངག་དབང་བསོད་ནམས་རྒྱ་མཚོ། །ན་ལེནྡྲ་བཅོ་བརྒྱད་ཁྲི་ཆེན་ངག་དབང་མཁྱེན་རབ་ཐུབ་བསྟན་ལེགས་བཤད་རྒྱ་མཚོ། །བླ་མ་དགེ་འདུན་རིན་པོ་ཆེ། ན་ལེནྡྲའི་བཤད་གྲྭའི་མཁན་པོ་བླ་མ་ངག་བློ་རིན་པོ་ཆེ། རྟ་ནག་མཁན་ཆེན་མི་ཕམ་ངག་གི་དབང་ཕྱུག །ས་སྐྱ་མཁན་པོ་སངས་རྒྱས་བསྟན་འཛིན། མདར་གྲང་ཆེན་མཁན་པོ་ཀུན་བཟང་ལ་སོགས་པ་མཁས་བཙུན་བཟང་པོའི་དཔལ་མངའ་ནམ་མཁའི་སྐར་ཚོགས་ལྟར་མང་དུ་བྱོན་པ་རྣམས་ཀྱིས་ལམ་འབྲས། སྒྲུབ་ཐབས། རྒྱུད་སྡེ་ཀུན་བཏུས་རྣམས་ཉམས་བཞེས་འཆད་སྤེལ་གྱིས་བསྟན་པ་རིན་པོ་ཆེ་བསྐྱངས་དང་སྐྱོང་བཞིན་པའོ།། །།ཅེས་པ་འདི་ནི་བོད་ལྗོངས་སུ་བསྟན་པ་རིན་པོ་ཆེ་ཉམས་ཉེས་ཆེན་པོར་གྱུར་པའི་སྟབས། འདི་ཕྱོགས་སུའང་ལམ་འབྲས་ཀྱི་དཔེ་རྒྱུན་ཧ་ཅང་དཀོན་པ་ཐུགས་ཀྱིས་བཟོད་པར་མི་མངའ་བས་སྐྱབས་ཁྲི་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཐུགས་རྗེ་བླ་ན་མ་མཆིས་པས་བཀའ་སྩལ་བཞིན། ར་སྤུར་དཔལ་ས་སྐྱའི་ཆོས་ཚོགས་ནས་ལམ་འབྲས་པར་བསྐྲུན་མཛད་སྐབས་རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་ཞིག་བླ་མ་བརྒྱུད་པའི་རྣམ་ཐར་གྱི་གྲལ་དུ་དགོས་གལ་ཆེ་བར་བརྟེན། རྗེ་བླ་མའི་ཞལ་སློབ་རྩེད་གདོང་པ་ཤྲཱི་མ་ན་མ་ཏིས་བརྗོད་བྱའི་ཟིན་བྲིས་དང་ལྷ་རེག་ཧིན་སྒོར་བཅོ་ལྔའི་རྟེན་བཅས་བསྐུལ་བ་བཞིན། སྐུལ་བ་པོའི་ཟིན་བྲིས་ལ་གཞིར་བཅོལ་རང་ནས་ཀྱང་གང་ཤེས་བསྣན་ཏེ། མགོན་པོ་གང་གི་སློབ་འབངས་ཐ་ཤལ་བ་ཏྲེ་ཧོར་གདོང་ཐོག་སྤྲུལ་མིང་ངག་དབང་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས། རབ་རྒྱལ་ཤིང་ཡོས་སྨིན་དྲུག་ཟླ་བའི་ཡར་ཚེས་བཅུ་ལ་འཕགས་ཡུལ་ལྡི་ལི་གསར་པར་གུས་པས་བྲིས་པ་ཚེ་རབས་ཀུན་ཏུ་རྗེ་བཙུན་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།དགེའོ།།