R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༥༢
[A:༥༢]སྟོད་རྗེ་ལུང་རྒྱ་མཚོ་གླིང་དུ་ཡབ་ཨུ་རྒྱན་ཡུམ་བྲང་ཏི་དབོན་རིགས་དཔལ་འཛོམ་གྱི་སྲས་སུ་ལྕགས་གླང་ལོར་འཁྲུངས། སྐུ་ན་ཆུང་དུས་ནས་སྐུ་ཞང་མཁན་ཆེན་ཤེས་རབ་རྒྱ་མཚོས་ཐར་རྩེར་བླངས། མཁན་ཆེན་ལྷུན་གྲུབ་དཔལ་ལྡན་དང༌། སློབ་དཔོན་རྗེ་ཤེས་རབ་རྒྱ་མཚོ་སོགས་ལས་བསླབ་ཚིགས་སྔ་ཕྱི་རྣམས་རིམ་གྱིས་ནོས། ངོར་པའི་གཞུང་དོན་བཞི་སོགས་བསླབ་སྦྱངས་མཛད། ཉེར་གསུམ་པ་ཕག་ལོར་མདོ་ཁམས་དགའ་སྟོད་དུ་འབུལ་སྡུད་ལ་བྱོན། སླར་སོ་ལྔ་པ་ཤིང་ཕག་ལོར་ངོར་གྱི་གདན་སར་འཁོད། གོང་དུ་སྨོས་པའི་མཁན་པོ་དང༌། བདག་ཅག་གིས་ཆོས་བཀའ་རྣམས་འབུལ་གང་ཐུབ་བྱས། ད་ལྟ་ཕྲིན་ལས་བསྐྱངས་པ་འདི་ཉིད་དོ། །འདིར་སྨྲས་པ། བླ་མ་བརྒྱུད་པ་དང་ནི་རྒྱུད་དོན་རིག །ཅེས་སོགས་དྲི་མེད་ལུང་གིས་གྲུབ་པ་བཞིན། །ལེགས་པར་བསམས་ནས་ཁོ་བོས་ཚུལ་འདི་སྦྱར། །དགེ་དེས་བསྟན་དང་འགྲོ་བའི་དོན་འགྲུབ་ཤོག །ཅེས་གསུང་ངག་བླ་མ་བརྒྱུད་པའི་སྤྱིའི་ལོ་རྒྱུས་ཀྱི་ཁ་བསྐང༌། ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་མཛེས་ཞེས་བྱ་བ་འདི་ཡང༌། དགེ་སློང་སངས་རྒྱས་ཕུན་ཚོགས་ཀྱིས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་ཆོས་གྲྭ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་རང་གི་ཆོས་ཀྱི་བུར་གྱུར་པ་མདོ་ཁམས་པ་ཤེས་རབ་ལྷུན་གྲུབ་ཀྱིས་བགྱིས་པའོ། །ཇི་སྲིད་མཁའ་ལ་ཉི་ཟླའི་བགྲོད་པ་མ་ཆད་ཀྱི་བར་དུ། དེ་སྲིད་ཆོས་འདིའི་ཕྲིན་ལས་ཀྱིས་རྒྱ་མཚོའི་གོས་ཅན་ཁྱབ་པར་གྱུར་ཅིག། །།ཁ་སྐོང་པོད་འདིའི་མཇུག་ནས་བཞེས་རྒྱུར།