R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): [-]
དཔལ་ལྡན་བློ་གྲོས་རྒྱལ་མཚན། མཆོག་སྤྲུལ་ཤེས་རབ་རྒྱ་མཚོ། ངག་དབང་བློ་གྲོས་སྙིང་པོ་རྣམས་ལས་བཀའ་ཆོས་དུ་མ་གསན། ངག་དབང་བསྟན་པའི་རྒྱལ་མཚན་གྱི་གདན་ཚབ་ཏུ་མཁན་པོ་ལོ་ཤས་མཛད་སྐབས་སྟོད་སྨད་ཀྱི་བླ་སྤྲུལ་མང་པོ་ཕེབ་པ་དང༌། ལོ་ལེགས་སྐྱ་རྒྱལ་བ་སོགས་དགེ་མཚན་གྱི་རི་མོ་རྣམ་པར་བཀྲ་ཞིང༌། ད་ལྟ་ཞབས་པད་བརྟན་བཞིན་པའོ།།
༈ གདན་རབས་རེ་གཉིས་པ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་ནི། ཡབ་བྲང་ཏི་མཁས་པའི་གདུང་བརྒྱུད་ཤེས་རབ་སེང་གེ་དང༌། གསང་བདག་སྒྲོལ་ཕུག་པའི་རིགས་ལས་ཆད་པའི་ཡུམ་ལ་ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་སླར་ཡང་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་དུ་སྐུ་བལྟམས། ཆུང་ངུ་ནས་དམ་པའི་རིགས་སད་ཅིང་ཐུགས་དཀྱིལ་ཆེ། ངོར་ཐར་རྩེ་བླ་བྲང་དུ་ཕེབ། ཁུ་བོ་མཁན་ཆེན་འཇམ་དབྱངས་རིན་ཆེན་རྡོ་རྗེའི་དྲུང་དུ་གཙུག་ཕུད་ཕུལ། ཨེ་ཝྃ་པའི་ཚོགས་འདོན། རྒྱུད་ཆུང་བཞི་སོགས་ཐུགས་འཛིན་གྱི་རྩེར་སོན། མཁན་ཆེན་དེ་ཉིད་ཀྱིས་མཁན་པོ་དང༌། ལས་སློབ་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས། བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱིས་སེམས་བསྐྱེད། གསུང་ངག་སློབ་བཤད་སོགས་སྨིན་གྲོལ་བྱིན་རླབས་ལུང་སོགས་རྒྱ་ཆེར་གསན། དཔལ་ནཱ་ལེནྡྲའི་མཁན་པོ་སྙན་གྲགས་ཐར་པ་ལས་སུམ་རྟགས། སྙན་ངག་དང༌། དབང་ལུང་མང་དུ་གསན། ཀྱེ་རྡོར་སོགས་ཡི་དམ་དུ་མའི་བསྙེན་སྒྲུབ་མཐར་ཕྱིན། རྒྱལ་བ་རྡོ་རྗེ་འཆང་གི་ཁྲི་ལ་མངའ་གསོལ་ནས་སྟོད་སྨད་ཀྱི་སྐལ་ལྡན་གདུལ་བྱའི་ཚོགས་ལ་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བས་སྐུ་བཞིའི་ས་བོན་ཐེབས་པར་མཛད་བཞིན་དུ་བཞུགས་པ་འདི་ཉིད་སླར་ཡང་གསང་གསུམ་མི་ཤིགས་རྡོ་རྗེ་ཚེ་མཐའ་ཡས་པའི་ངོར་འཚོ་ཞིང་གཞེས་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བའི་ཕྲིན་ལས་རྟག་ཅིང་ཁྱབ་ལ་ལྷུན་གྱིས་གྲུབ་པར་གསོལ་བ་འདེབས་པ་ལགས་སོ། །རྒྱལ་བས་རྒྱལ་བའི་གོ་སར་མངའ་གསོལ་བ། །གང་དེའི་གདན་རབས་ནོར་བུའི་ཕྲེང་བ་ཡི། །ཞལ་སྐོང་བདུད་རྩིའི་ཐིགས་ཕྲེང་འདི་སྤྲོས་ལ། །རྙོག་པ་མཆིས་ན་སྙིང་ནས་མཐོལ་ཞིང་འཆགས། །ལྷག་པས་བྱས་པའི་དགེ་ཚོགས་གངྒཱའི་རྒྱུན། །གཞན་ཕན་ནོར་བུའི་རྦ་རླབས་འཕྲོ་བ་ཡིས། །འགྲོ་བའི་ཡིད་ཀྱི་དྲི་མ་ཀུན་བསལ་ནས། །ཐམས་ཅད་བྱང་ཆེན་རྒྱལ་སར་ཕྱིན་གྱུར་ཅིག །ཁྱད་པར་ལམ་གྱི་ཡང་རྩེ་བླ་མ་ཡི། །གསང་ལམ་ཟབ་མོ་མིག་འཕྲུལ་ལྟ་བུ་ཡིས། །མྱུར་བར་བགྲོད་དེ་ཚེ་འདི་ཁོ་ན་ལ། །སྐུ་བཞི་ཡེ་ཤེས་ལྔ་ལྡན་ཉིད་གྱུར་ཅིག །ཅེས་གདན་རབས་ནོར་བུའི་ཕྲེང་བའི་ཞལ་སྐོང་བདུད་རྩེའི་ཐིགས་ཕྲེང་ཞེས་བྱ་བ་འདིའང༌། གཞེ་སྔོན་མཁན་ཆེན་འཇམ་པའི་དབྱངས་ངག་དབང་བསོད་ནམས་རྒྱལ་མཚན་དེ་ཉིད་ཀྱིས་མཛད་པ་ཞིག་ཡོད་སྐད་ཐོས་ཀྱང་དཔེ་ཅིའང་ལོན་རྒྱུ་མེད་པར་བརྟེན། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཆོས་སྐོར་གྱི་བཀའ་བསྡུ་བ་ཆེན་པོ་བགྱིད་སྐབས་གསུང་ངག་ཚོགས་བཤད་ཁོག་ཕུབ་ཀྱི་ཉེར་མཁོའི་ཡན་ལག་ཏུ་དམིགས་ནས་བློ་གཏེར་དབང་པོས་སྤེལ་བ་དགེ་ལེགས་འཕེལ།། །།