R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 22
[A:22]དབང་བསྐུར་ལ་ཡོ་བྱད་མང་པོ་དགོས་
ཀྱང་མ་འོངས་པ་ན་ཕན་ཐོགས་འོང་བ་དགོངས་
གསུངས། དེ་ནས་རྗེ་སེ་ལ་དྲན་པ་གཅིག་པའི་སྒྲུབ་ཐབས་དང་། རྩ་ལྟུང་གི་ཆོས་གཅིག་གསུང་ནས་ཡང་སྐུ་འཚམས་ལ་བཞུགས་ཏེ། འཁོར་རྙིང་པ་འགའ་རེ་མ་གཏོགས་པ་སུ་དང་ཡང་མི་མཇལ་སྐད། ཁང་པའི་ནང་དུ་ཁྲིད་ལ་སོགས་པ་ཆོས་ཐུན་རེ་ཙམ་ལས་མི་གསུང་། དེ་ཙམ་ན་གསུང་ངག་གི་ཆོས་ཐུན་རེ་ལ་མཆོད་པ་རེ་དགོས། མི་གཉིས་སུ་ལོངས་པ་ལ་ལམ་འབྲས་མི་གསུང་སྟེ། རྣ་བཞི་པ་ལ་གདམ་ངག་མི་བཤད་
རྣ་བ་དྲུག་པ་སྔགས་ཀྱིས་དབེན་
གསུང་ངོ་། །དེའི་དུས་སུ་དགེ་བཤེས་དཀོན་མཆོག་རྒྱལ་པོས་ས་སྐྱར་མི་བཅུ་བདུན་ལ་བརྟག་པ་གཉིས་པ་བཤད་པས། བླ་མས་འཕྲིན་བསྐུར་ཏེ་རྩ་བའི་རྒྱུད་ཉན་པོ་མི་བཅུ་བདུན་ལ་བཤད་པ་ཁྱོད་ལ་རྡོ་རྗེའི་སྲོག་ཡོད་དམ་ཞེས་བཀའ་བཀྱོན་མཛད། ཁྱད་པར་དུ་གསུང་ངག་རིན་པོ་ཆེ་འདི་ལ་གཅེས་སྤྲས་སུ་འཛིན་ཏེ། བཀའ་ཤིན་ཏུ་དམ་པའི་སྟོབས་ཀྱིས་ལོ་གཅིག་ཏུ་ཆོས་ནི་མ་བྱུང་། འོན་ཀྱང་བླ་མ་སེས་དེར་བསྡད་ནས་ཡོད་ཙམ་ན་ཚོགས་འཁོར་གཅིག་གི་གྲལ་དུ་ཁ་ཅིག་ན་རེ། བྱང་པའི་རྣལ་འབྱོར་པ་དེ་གླུ་མཁས་པར་གདའ་ནང་དུ་འབོད་དམ་བྱས་པས། བླ་ཆེན་གྱི་ཞལ་ནས་དེ་སུ་ཡིན་གསུང་བ་ལ་སྔར་ཀྱི་ལོ་རྒྱུས་རྣམས་བསྙད་པས། དེ་ད་རུང་མ་སོང་བར་འདུག་གམ་ནང་དུ་བོས་གསུང་ནས་བོས་པས། ཁྱོད་དེ་ཙམ་དུ་ཅི་ལ་སྡོད་གསུངས་པ་ལ་རྗེ་ལ་གསུང་ངག་རིན་པོ་ཆེ་ཞུ་བ་ལགས་བྱས་པས། གདམ་ངག་འདོད་ན་ནོར་ཁྱེར་ལ་ཤོག་གསུངས། དེ་ནས་རྗེ་སེ་ཡིས་ཡུལ་དུ་བྱོན་ཏེ། ཁོང་པ་རང་བཟའ་ཚོའི་གནག་སྨད་སུམ་ཅུ་ཙམ་སྤྱི་ལ་ཡོད་པ་དེའི་གནག་རྫི་བྱེད་ཅིང་། ཁོང་