R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 50
[A:50]རྒྱས་པར་བརྗོད་ཀྱིས་མི་ལངས་ཏེ་གདོན་མི་ཟ་བར་མགོན་པོ་འཇམ་པའི་དབྱངས་ཉིད་དུ་རིགས་པར་བྱའོ། །མི་དབང་གསུང་རབ་ཟས་ཀྱི་དགའ་སྟོན་ལ། །དོན་གཉེར་རྣ་བའི་སློངས་མོས་ཉེར་བསླངས་ཏེ། །རྣམ་སྤྱད་ལྕེ་ཡིས་མྱངས་པས་བདག་བློའི་ལུས། །སོམ་ཉིའི་རྒུད་ལས་རྣམ་གྲོལ་རབ་བརྟས་གྱུར། །གང་ཞིག་སྡེབ་ལེགས་སྙན་ཚིག་ཤས་ཆུང་ཡང་། །དོན་དང་མི་འགལ་ཅུང་ཟད་བྲིས་པ་ལས། །ཚིག་གི་གཏེར་མངའ་མཁས་པའི་ཚོགས་རྣམས་ཀྱིས། །རེ་ཤིག་བཟོད་པར་གསོལ་ལ་གཟུ་བོས་དཔྱོད། །འདིར་ནི་རང་ཉིད་དྲན་པ་གསོ་ཕྱིར་དང་། །དམ་པའི་གྲོགས་འགས་བསྐུལ་ནས་བརྡའ་སྤྲོད་པ། །དཔལ་ལྡན་བཟང་པོའི་ཞབས་སོགས་བླ་མ་ཡི། །རྣམ་ཐར་བྲིས་པའི་དགེ་དེས་མཆོག་ཐོབ་ཤོག །བླ་མ་བོད་ཀྱི་བརྒྱུད་པའི་རྣམ་ཐར་ཞིབ་མོ་རྡོ་རྗེ་ཞེས་བྱ་བ་མང་དུ་མཉན་ཞིང་ཞལ་ལས་བྲིས་ཏེ་ལེགས་པར་རྙེད་པ་འདི་ནི་ཤཱཀྱའི་དགེ་སློང་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བས། གུང་ཐང་ན་ལ་ཙེ་གནས་པོ་ཆེའི་གཙུག་ལག་ཁང་དུ་སྦྱར་བ་འདི་ཡོངས་སུ་རྫོགས་སོ། །ལོ་རྒྱུས་ཀྱི་ཡི་གེ་འདི་བླ་མ་ལོ་ཙཱ་བ་ཆེན་པོའི་ཕྱག་ཏུ་ཕུལ་བས་མཉེས་ཏེ་རབ་དུ་བསྔགས་པས་ན་ཐེ་ཚོམ་མེད་པར་གུས་པས་ལོངས་ཤིག ཡུལ་དབུས་ཀྱི་བློ་གསལ་དམར་གྱིས་ཡི་གེ་འདི་དབྲི་བསྣན་མེད་པར་བྲིས་པ་ཡིན་ནོ།། །།དགེའོ།། །།