R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༨༩
[A:༢༨༩]ཕྱག་དར་ཕུང་པོའི་ཁྲོད། །ཚིགས་བཅད་གསེར་གྱི་རྡུལ་ཕྲན་ཡང༌། །རང་འོད་འཚེར་མོད་རིན་པོ་ཆེ། །འབའ་ཞིག་གླེང་འདིར་དེ་ལྟ་མིན། །བདུད་རྩིའི་གཏམ་གྱི་ཆུ་ལས་སྐྱེས། །རྣ་བར་མཛེས་དེའི་འབྲས་བུ་ཞིག །སྙིང་ལ་སྨིན་ནོ་འཐུང་ཞིག་དང༌། །སྲིད་པས་བྱས་པའི་འཇིག་པ་མེད། །འདི་ཉིད་ཐོས་དོན་གཉེར་ཐམས་ཅད། །ཤེས་བྱ་དག་པའི་མེ་ལོང་ལ། །ཇི་ལྟ་བ་མཐོང་དེ་ཡོད་མེད། །མཐའ་གཉིས་བཅོམ་པའི་རྒྱལ་རྔ་བརྡུངས། །འཇམ་དབྱངས་བརྒྱུད་མས་མི་ཤེས་པའི། །ཆོས་གཞན་མེད་ལ་དེའི་རིང་ལུགས། །བདེ་གཤེགས་བསྟན་པ་རྩོད་བྲལ་བར། །ངེས་སོ་དེ་ཕྱིར་རྒྱས་གྱུར་ཅིག །དེ་དག་ཉམས་པ་མེད་དར་བའི། །སྟོབས་ཀྱི་ཉེར་འཚོ་ཤིན་ཏུ་མཐོ། །སྲིད་རྩེ་བརྒལ་བའི་བསོད་ནམས་ཀྱི། །ས་བོན་འདི་ན་བཏབ་རྒྱ་ཆེ། །དཔུང་པ་གཙུག་ལག་གཉིས་འཐུང་དབང༌། །རལ་གྲིའི་འཁྲི་ཤིང་དཔྱིད་
རྒྱལ་པོ་གླང་ཆེན་དཔྱིད་གསུམ་ལ་སྦྱར་དུ་ཡོད་པས་སྔོན་མེད་པའི་སྦྱར་བ་གསུམ་ལྡན་གྱི་རྒྱན་
ལྟ་བུར། །སྔོན་པོར་གཡོ་བའི་བུང་བ་ཡི། །སྒེག་པས་དྲེགས་མྱོས་རྣམས་བཅོམ་སྟེ། །ནམ་མཁའ་དང་མཉམ་ས་གཞི་ལ། །རང་དབང་རྒྱུན་དུ་ཐོབ་པ་ཡི། །འཁོར་ལོ་འདོད་དགུར་བསྒྱུར་བྱས་ནས། །འགྲོ་བའི་རེ་བ་ཆར་དུ་ཕོབ། །ཨེ་མ་འཇིག་རྟེན་དགེ་བ་ཡིས། །གཞུ་བཞིན་བཀུག་པའི་ཕུན་ཚོགས་རྒྱུད། །སྡེ་བཞིའི་དཔལ་གྱི་སྦྱིན་པས་སྲིད། །འབྱོར་པའི་རྒྱལ་པོ་འདི་རྒྱལ་ལོ། །ཆོས་ལྡན་མཛེས་པའི་དཔལ་མོ་ལས་བྱུང་རྒྱལ་རིགས་ཐིག་ལེའི་བྱ་བ་ཀུན། །བདེ་དང་བཀྲ་ཤིས་འདོད་པའི་འབྲས་བུ་ཆེན་པོས་མངར་བའི་ཉེར་སྤྱད་གསར། །དེ་ཡང་སྡིག་པའི་དགྲ་བཅོམ་ཁྲོ་བས་རྗེས་སུ་འབྲེལ་བའི་སྙིང་སྟོབས་ཀྱིས། །ཐམས་ཅད་མཁྱེན་པའི་དངོས་པོ་བླ་ན་མེད་པའི་བྱང་ཆུབ་གཏེར་ཐོབ་ཤོག །འཇམ་པའི་དབྱངས་དངོས་སྨྲ་བའི་མགོན་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ་ཞེས་བྱ་བ་འདི་ནི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་པོ་ངག་དབང་འཇིག་རྟེན་དབང་ཕྱུག་གྲགས་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བས་མྱོས་ལྡན་ནམ་ས་མོ་ཡོས་བུའི་ལོ་མགོར་རྫོགས་ལྡན་གྱི་སྒོ་འཕར་རྣམ་བཞི་ཕྱེ་བ་རིན་ཆེན་སྤུངས་པའི་ཕོ་བྲང་དུ་ལེགས་པར་བཀོད་པའོ།། །