R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༢༩༠
[A:༢༩༠]༄༅༅། །ཨོཾ་སྭ་སྟི། བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། དཔལ་ལྡན་བླ་མ་དམ་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། གསོལ་བ་བཏབ་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང༌། མཁྱེན་རབ་ཕུན་སུམ་ཚོགས་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་གི་གཟི་བྱིན་ཉི་མ་བྱེ་བའི་གཟིས་ཀྱང་མཚོན་པར་མི་ནུས་ཤིང༌། །གསུང་དབྱངས་སྙན་པའི་དྲི་ཟའི་གླུ་དབྱངས་ཀྱིས་ཀྱང་མཚུངས་པ་མ་ལགས་པ། །མཁྱེན་པའི་རྒྱ་ཁྱོན་ནམ་མཁའི་ཁྱོན་གྱིས་ཀྱང་ནི་དཔེར་མི་ནུས། །ཡོན་ཏན་དང་ནི་ཕྲིན་ལས་ཕུན་ཚོགས་བླ་མ་དམ་པའི་ཞབས་ལ་འདུད། །ལྷ་དང་ལྷ་མིན་མིའམ་ཅི་དང་ཀླུ་དབང་གྲུབ་པ་རིགས་འཛིན་ཚོགས་རྣམས་ཀྱི། །གཙུག་གི་ནོར་བུས་གང་གི་ཞབས་པད་དགའ་བས་གུས་བླངས་པ། །རྒྱལ་བ་མཆོག་གི་ཅོད་པན་གྱིས་ཀྱང་དཔལ་ལྡན་བླ་མའི་ཞབས་ལ་གུས་བཏུད་ན། །གཞན་གྱིས་སྨོས་ཅི་འཚལ་ཞིང་སྤུ་ལྡང་མཆི་མ་གཡོ་བས་སླར་ཡང་ཕྱག་འཚལ་ལོ། །གང་གི་ཡོན་ཏན་ནམ་མཁའི་ཁམས་ལྟར་རབ་ཏུ་དངས་ཤིང་རྒྱ་ཆེ་ལ། །རྒྱ་མཚོའི་ཀློང་ལྟར་ཤིན་ཏུ་ཟབ་ཅིང་གཏིང་མཐའ་གཞལ་བར་མི་ནུས་པ། །འཕགས་མཆོག་གིས་ཀྱང་བརྗོད་མ་ནུས་ན་བདག་ལྟ་སྨོས་ཀྱང་ཅི་འཚལ་ཏེ། །འོན་ཀྱང་ཁྱེད་ཐུགས་དང་བས་བསྐུལ་ནས་བདག་གིས་འདིར་ནི་མདོ་ཙམ་བསྡུ། །འདིར་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་འདིར། ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་ཡེ་ཤེས་གངས་ཅན་མཚོའི་རྣམ་པར་རོལ་པ་དུ་མས་སེམས་ཅན་གྱི་དོན་མཛད་པ་ནི། སངས་རྒྱས་ཀྱིས་འདུལ་བ་ལ་སངས་རྒྱས་ཀྱི་སྐུ་དུ་མ་དང༌། བྱང་ཆུབ་སེམས་དཔས་འདུལ་བ་ལ་བྱང་ཆུབ་སེམས་