R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༢༩༡
[A:༢༩༡]དཔའི་རྣམ་པར་རོལ་པ་དུ་མ་དང༌། རང་སངས་རྒྱས་ཀྱིས་འདུལ་བ་ལ་རང་སངས་རྒྱས་ཀྱི་སྐུ་དང༌། ཉན་ཐོས་ཀྱིས་འདུལ་བ་ལ་ཉན་ཐོས་དང༌། དེ་བཞིན་དུ་ལྷ་དང་ཀླུ་དང་མིའམ་ཅིའི་དབང་པོ་ལ་སོགས་པས་འདུལ་བ་དེ་དག་ཏུ་སྟོན་ཅིང༌། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། ཁམས་ཀྱི་རྒྱལ་པོ་དང༌། རྒྱལ་ཕྲན་དང༌། དམག་དཔོན་དང༌། བློན་པོ་རིན་པོ་ཆེ་དང༌། དགེ་སྦྱོང་དང༌། བྲམ་ཟེ་དང༌། ཁྱིམ་བདག་ལ་སོགས་པས་འདུལ་བ་ལ་དེ་དག་གི་རྣམ་པར་རོལ་པ་དུ་མར་བསྟན་ནས། སེམས་ཅན་གྱི་དོན་མཛད་པ་ཡིན་ལ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་ནི་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་གི་རྣམ་པར་སྤྲུལ་ནས་འགྲོ་བ་དུ་མའི་དོན་མཛད་པ་ལས། རྩོད་པའི་དུས་འདིར་ཐུབ་པ་ཆེན་པོས། མིའི་དབང་པོ་ཟས་གཙང་མའི་ཡུམ་ལྷ་མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་སུ་འཇུག་པ་དང༌། བལྟམས་པ་ལ་སོགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་འཇིག་རྟེན་ལས་འདས་པའི་མཛད་པ་རྨད་དུ་བྱུང་བ་བསྟན་ནས་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་ཅིང༌། འདུལ་བའི་དབང་གིས་མྱ་ངན་ལས་འདས་པ་ཆེན་པོ་བསྟན་ཏེ་སེམས་ཅན་བགྲང་བ་ལས་འདས་པ་གྲོལ་བར་མཛད་དོ། །དེའི་རྗེས་སུ་སྡུད་པ་པོ་རྣམས་ཀྱིས་རྒྱལ་བའི་གསུང་རབ་མཐའ་དག་འགྲོ་བ་སོ་སོའི་བསམ་པ་དང་མཐུན་པར། སོ་སོའི་སྐད་དང་ཡི་གེ་ཐ་དད་པ་དུ་མས་པུ་སྟིར་བྲིས་ཏེ་གནས་པར་མཛད་དོ། །དེ་ནས་དེ་དག་གི་རྣམ་པར་འཕྲུལ་པ་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་དང༌། ལྔ་རིག་པ་རྣམས་ཀྱིས་ཆོས་ཀྱི་ཕུང་པོ་མ་ལུས་པའི་དགོངས་པ་ངེས་པར་འགྲེལ་པའི་བསྟན་བཅོས་དུ་མ་མཛད་ཅིང༌། ལྷ་དང་ཀླུ་ལ་སོགས་པའི་གནས་དུ་མ་དང༌། སའི་སྟེང་ན་ཕལ་ཆེ་བར་དེ་བཞིན་གཤེགས་པའི་བསྟན་པ་དྲི་མ་མེད་པ་དར་བར་མཛད་དེ། ཁྱད་པར་དུ་འཕགས་པ་ཀླུ་སྒྲུབ་དང༌། འཕགས་པ་ལྷ་དང༌། འཕགས་པ་ཐོགས་མེད་དང༌། ཕྱོགས་ཀྱི་གླང་པོ་དང༌།