R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༣༧
[A:༣༣༧]རྣམས་བསྡུས་ནས་རིན་པོ་ཆེའི་བུམ་པར་བཞུགས་སུ་གསོལ་ཏེ། རྒྱ་ཡུལ་ནས་བྱུང་བའི་གོས་གྱ་ནོམ་པ་དུ་མས་གཡོགས་ཤིང་རྒྱ་དུ་མ་བཏབ་ནས་མཆོད་པའི་ཁྱད་པར་དཔག་ཏུ་མེད་པ་ཕུལ་ཞིང་གསོལ་བ་ཡུན་རིང་དུ་འདེབས་པའི་ཚེ། ཡང་སྒྲ་དང་འོད་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་བྱུང་ཞིང་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་འདི་ལྟ་བུ་འབྱུང་བ་གསུང་རབ་རྣམས་སུ་གསུངས་པ་ཡིན་ནོ། །དེ་ནས་མཆོད་པའི་ཚོགས་རྒྱ་ཆེན་པོ་དང་བཅས་པས་རྒྱ་དེ་རྣམས་བཀྲོལ་ཞིང་བལྟས་པའི་ཚེ། གདུང་རྣམས་ནི་རིང་བསྲེལ་གྱི་ཕུང་པོ་ཆེན་པོར་གྱུར་ཏེ་འདུག་གོ །དེའི་ཚེ་ཡང་སྒྲ་དང་འོད་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་བྱུང་ལ། དེང་སང་གི་བར་དུ་ཡང་དད་པ་ཅན་རྣམས་ཀྱི་ལག་ན་གདུང་རིང་བསྲེལ་གྱི་ཆ་གང་ན་ཡོད་པ་དང༌། མྱ་ངན་ལས་འདས་པའི་དུས་དང༌། དུས་ཀྱི་མཆོད་པ་དག་ལ་ཡང་འཇའ་ཚོན་དང་སྒྲ་ལ་སོགས་པ་སྐྱེ་བོ་ཐམས་ཅད་ལ་མངོན་སུམ་དུ་འབྱུང་ངོ༌། །དེ་ལྟར་བདག་ཉིད་ཆེན་པོ་འདི་མྱ་ངན་ལས་འདས་ནས་ཀྱང༌། ཕྲིན་ལས་རྒྱུན་མི་ཆད་པས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་པ་ཡིན་ནོ། །འདི་ལྟར་འཇིག་རྟེན་ན་རིགས་ཐམས་ཅད་ཀྱི་བླ་མར་གྱུར་པ་ཤཱཀྱ་རྣམས་ཀྱི་སྐྱེས་པའི་རབས་བཟུང་ཞིང་ཀུན་ཆུབ་པར་བྱས་ནས་གཞན་དག་ལ་ཡང་རྒྱ་ཆེར་བསྙད་ན་ཆོས་དང་མཐུན་ཞིང་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འབྱུང་ལ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཕེལ་བར་བྱེད་དོ་ཞེས་བདེ་བར་གཤེགས་པ་ཉིད་ཀྱིས་དྲི་མ་མེད་པའི་མདོ་སྡེ་དག་ལས་གསུངས་ཤིང༌། རྒྱུད་སྡེ་དག་ལས་ཀྱང༌། སློབ་དཔོན་ཡོན་ཏན་བླང་བྱ་ཞིང༌། །སྐྱོན་རྣམས་ལ་ནི་ནམ་ཡང་མིན། །ཞེས་གསུངས་པ་དང༌། དུས་ཀྱི་འཁོར་ལོ་ལས་ཀྱང༌། སློབ་དཔོན་སངས་རྒྱས་ཡིན་ཏེ་རབ་མཆོག་ས་སྟེངས་རྣམས་སུ་ཆོས་ནི་དེ་ཡིས་བསྟན་པའོ། །ཞེས་གསུངས་པས། བླ་མ་དམ་པ་རྣམས་ཀྱི་ཡོན་ཏན་གྱི་བསྔགས་པ་མཛད་པ་དང༌། འཆད་བ་དང་