R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༣༨
[A:༣༣༨]འདྲི་བ་དང༌། གཞན་དག་ལ་ཡང་རྒྱ་ཆེར་བསྙད་ན་ཡང་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པར་འབྱུང་བར་ཤེས་པར་བྱའོ། །གང་གི་ཡོན་ཏན་ཐུབ་དབང་ལྟ་བུར་དཔག་པར་མི་ནུས་པ། །བདག་གིས་འདིར་ནི་གུས་པས་བསྟེན་ཕྱིར་ཆ་ཙམ་བརྗོད་པ་ལས། །འདིར་ནི་ནོངས་པ་གང་མཆིས་བླ་མ་དམ་པ་ཉིད་དང་ནི། །ལྷར་བཅས་འཇིག་རྟེན་ཀུན་ལ་བཟོད་པར་གསོལ་ཞིང་མཆིས། །དེ་ལྟར་བདག་གིས་བདག་ཉིད་ཆེན་པོ་འཕགས་པའི་ཡོན་ཏན་རྒྱ་མཚོ་ལས། །བྱུང་བའི་རྣམ་ཐར་རིན་ཆེན་ཕྲེང་བ་གུས་པས་འདིར་ནི་བསྡེབས་པ་ལས། །བསོད་ནམས་ཚོགས་ནི་ལྷུན་པོའི་གཏོས་ལྟར་ཆེ་ཞིང་མཐོ་བ་གང་བསྐྲུན་དེས། །ལུས་ཅན་མ་ལུས་ལྷ་དང་མི་ཡི་བླ་མ་སངས་རྒྱས་གོ་འཕང་ཐོབ་པར་ཤོག །བདག་ཀྱང་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །བླ་མ་དག་པའི་ཞབས་དྲུང་སྐྱེས་གྱུར་ནས། །རྣམ་ཐར་བཟང་པོའི་ཚོགས་རྣམས་གུས་ལེན་ཅིང༌། །བླ་མ་དམ་པའི་ཐུགས་རྗེས་འཛིན་པར་ཤོག །བླ་མ་དམ་པའི་ཐུགས་ཀྱི་སྲས་ཡོངས་ཀྱི་དགེ་བའི་བཤེས་གཉེན་གྲགས་པ་འོད་ཟེར་ཞེས་བྱ་བ་དང༌། བཟང་པོ་དཔལ་ཞེས་བྱ་བས་ཐག་རིང་པོ་ནས་བསྐུལ་ནས། །བློ་གྲོས་དང་དཔལ་མཚུངས་པ་མེད་པ། །གཞོན་ནུ་ཤེས་རབ་ཅེས་བྱ་བས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ཏེ། བླ་མ་དམ་པ་ཡུན་རིང་དུ་བསྟེན་པས་ཡོན་ཏན་གྱི་ཆ་ཇི་རིགས་པ་གསལ་བར་མཐོང་ཞིང༌། བླ་མ་དམ་པ་ལ་མི་ཕྱེད་པའི་དད་པ་ཐོབ་པ་དགེ་སློང་རྡོ་རྗེ་འཛིན་པ་ཡེ་ཤེས་རྒྱལ་མཚན་ཞེས་བྱ་བས་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་འདི། ཆུ་མོ་ལུག་གི་ལོ་གདུ་བུའི་ཟླ་བའི་ཚེས་ཉི་ཤུ་ལ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།།