R27: ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏའི་དངོས་ཀྱི་ཐུགས་ཀྱི་སྲས་བླ་མ་ཚོགས་སྒོམ་རིན་པོ་ཆེའི་རྣམ་ཐར།

  • Pagination (Witness A): ༣༤༠
[A:༣༤༠]བྱེད་ཅིག་གསུངས་ནས། དེ་ནས་རིན་པོ་ཆེ་པས་ཚེ་འདིའི་སྐུ་བསོད་དང་སྙན་གྲགས་ཐམས་ཅད་ཐུགས་ཀྱིས་བཏང་ནས་ཐུགས་དམ་འབའ་ཞིག་མཛད་དོ། །དེ་ཡང་ཁོང་གི་སྐུ་གསུང་ཐུགས་ཀྱི་རྣམ་ཐར་ནི། བཙུན་པའི་ཕྱོགས་ནས་སོ་སོར་ཐར་པའི་བསླབ་བྱ་ལ་ཉེས་བྱས་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་པའི་ཚོད་ཙམ་ཡོད། བྱང་སེམས་ཀྱི་བསླབ་པ་ལ་གཅེས་སྤྲས་ཆེར་མཛད་དེ། ཁྱད་པར་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་མངའ་བའི་སྟོབས་ཀྱིས་སེམས་ཅན་སྡུག་བསྔལ་དང་ལྡན་པ་གཟིགས་པའམ། གསན་པའི་དུས་ན་རང་དབང་མེད་པའི་སྤྱན་ཆབ་འབྱུང་ཞིང་ཁམས་འདུ་བ་བྱུང༌། གསང་སྔགས་ཀྱི་དམ་ཚིག་དང་སྡོམ་པ་དང་ལྡན་ཞིང་ལམ་རིམ་པ་གཉིས་ལ་ཐུགས་དམ་གྱི་གཙོ་བོར་མཛད་པས་ཉིན་ཞག་ཕྲུགས་གཅིག་གི་དུས་ཐམས་ཅད་རྣལ་འབྱོར་བཅུས་འདའ་བ་མ་གཏོགས་ཐ་མལ་པའི་རྣམ་རྟོག་གིས་ཐུགས་བརྫི་བར་མི་ནུས་སོ། །དེས་ན་སྐྱེས་བུ་དམ་པ་དེའི་སྙན་པའི་གྲགས་པས་སའི་སྟེངས་ཕལ་ཆེར་ཁྱབ་པའི་སྟོབས་ཀྱིས་ཡ་གི་སྟོད་གུ་གེ་མན་ཆད།མ་གི་མདོ་ཁམས་ཡན་ཆད་ཀྱི་བློ་གྲོས་དང་ལྡན་པའི་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་ཕལ་མོ་ཆེས་ཁོང་གི་ཞབས་ཀྱི་པདྨོ་ལ་གཏུགས་ནས། རང་རང་གི་རྒྱུད་ཚོད་དང་འཚམ་པའི་ཆོས་ཀྱིས་རྒྱུད་ཚིམ་པར་མཛད་དེ། གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་བཀོད་དོ། །དེ་རྣམས་ཀུན་གྱིས་ཀྱང་རིན་པོ་ཆེ་བ་རྡོ་རྗེ་འཆང་གི་ངོ་བོར་མཐོང་བ་མ་གཏོགས་པ། བདག་ཉིད་ཆེན་པོ་འདིའི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་པ་ལ། བློ་གཟུ་བོས་དཔྱོད་པ་རྣམས་ཀྱིས་སྐྱོན་གང་ཡང་མཐོང་མ་མྱོང་བ་ཡིན་གསུངས། དེ་ནས་སློབ་དཔོན་དྷརྨཱ་ཕ་ལ་རཀྵི་ཏ་སྐུ་འཁྲུངས་ནས། བླ་མ་ཆོས་ཀྱི་རྒྱལ་པོའི་གསུང་གིས་ཁོང་གི་དྲུང་དུ་བཞུགས་ལ་དབང་དང་བྱིན་རླབས་མང་དུ་མཛོད་ལ་བསྐྱོང་བར་ཞུ་གསུངས་པའི་གསུང་ཡིག་ལ་བརྟེན་ནས། རིན་པོ་ཆེ་པ་ཉིད་ཆོས་རྗེ་ཁུ་དབོན་ལ་མི་ཕྱེད་པའི་འདུན་པ་མངའ་བས་གསུང་བཞིན་བསྒྲུབས། དེ་ནས་གདུལ་བྱ་རྣམས་ཀྱི་བསོད་ནམས་ལ་མ་རན་པའི་སྟོབས་ཀྱིས་བསྙུང་བའི་ཚུལ་བསྟན།