R28: ཉན་ཆེན་བསོད་ནམས་བརྟན་པའི་རྣམ་ཐར།

  • Pagination (Witness A): ༣༤༥
[A:༣༤༥]བ་ཡང་བ། ཟོ་མདོག་བདེ་བ། སྤྱན་གསལ་བ། སྙན་གསང་བ་ཡོད་ན་ཡང་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་སྐལ་པ་དེ་ཙམ་ལས་མེད་པ་དང༌། ཞིང་ཁམས་གཞན་དུ་གདུལ་བྱ་དག་པ་ལ་དགོངས་ནས། གནས་སྐབས་ཀྱི་རྐྱེན་གྲིབ་ཅིག་གིས་བྱས་ཏེ། ངོ་མཚར་བའི་ལྟས་དུ་མ་དང་བཅས་པ་ནས་གོ་དྲུག་པ་ལ་བདེ་བར་གཤེགས་སོ། །དྲུག་ཅུ་ཡན་ཆད་ལ་དབེན་པ་ཁོ་ན་མཛད་པས་འཁོར་ཆེར་མ་བསྟེན། དུས་ཕྱིས་ཐུགས་དམ་ལ་རྩལ་ནུས་ཐོན་པའི་སྙན་པ། སྒོས་ལམ་འབྲས་བུ་དང་བཅས་པའི་བརྒྱུད་ཐག་ཉེ་བ། ནུས་པ་ཐོན་པ། སློབ་མ་ཁྲིད་པའི་བོགས་འདོན། གེགས་སེལ་ལ་མཁས་པའི་སྙན་པས་སྟོད་མངའ་རིས་ནས། སྨད་མདོ་ཁམས་སྒང་གསུམ་ཡན་ཆད་དགེ་བའི་བཤེས་གཉེན་ཆེ་དགུ་ཀུན་གྱིས་ཞབས་ལ་གཏུགས་ནས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད་པ་ཡིན་ནོ། །ཡོན་ཏན་མཐའ་ཡས་བླ་མའི་རྣམ་ཐར་ལས། །རྒྱ་མཚོ་ཆེ་ལ་སྐྲ་རྩའི་ཆུ་ཚོད་ཙམ། །བདག་གིས་བརྗོད་འདིས་བདག་སོགས་བླ་མ་ཡི། །རྒྱུད་ཀྱིས་བྱིན་རླབས་བླ་མའི་གནས་ཐོབ་ཤོག །དྲིན་ཆེན་རྩ་བའི་བླ་མ་ཉན་ཆེན་པོའི་རྣམ་ཐར་ཅུང་ཟད་རྒྱུད་ལ་བྱིན་རླབས་འཇུག་པའི་དོན་དུ་རཏྣ་སིདྷས་བཀོད་པའོ།།