R29: ཤངས་ཀྱི་བླ་མ་ཆོས་རྗེ་རིན་སེང་པའི་རྣམ་ཐར་ཁོང་རང་གིས་མཛད་པ།

  • Pagination (Witness A): ༣༤༦
[A:༣༤༦]པའི་གཟུགས་ཅན་མཐོང་ཚད་ལ། །གཏད་མེད་མོས་པ་དུང་དུང་བྱེད། །མགོ་མཆོག་མེད་པའི་གདམས་ངག་ཞུས། །ཆོས་ཞུས་གཞན་གྱིས་མ་ཕན་ཀྱང༌། །གྲུབ་ཐོབ་རིག་པ་ཡེ་ཤེས་ལ། །ཐུགས་རྗེ་ཆེན་པོའི་བཀའ་ལུང་ཞུས། །སྤྱན་རས་གཟིགས་བསྒོམ་མ་ཎི་བགྲངས། །བྱིན་རླབས་ལུས་སེམས་བདེ་བ་དང༌། །མི་མཐུན་ཕྱོགས་སེལ་ཁྱད་པར་དུ། །མ་ཡིས་འཐབ་པའི་ཚེར་ཟུག་ལ། །སྟོང་ཕྲག་རེ་ཡིས་ངེས་པར་ཞི། །རི་ལ་ཕྱུགས་ལུག་འཚོ་བར་འོང༌། །བྲག་ཕུག་སྟོང་བར་ལུས་གནད་ཀྱིས། །བསྡད་ཚེ་ལུས་སེམས་བདེ་བ་དང༌། འབྲལ་མི་ཕོད་པ་ཡང་ཡང་འོང༌། །སྡིག་ལ་འཛེམ་ཤིང་དགེ་ལ་སྤྲོ། །སེམས་ཅན་ལ་འཚེ་གཏན་མི་ཕོད། །ལོ་བརྒྱད་མན་ཆད་དད་པ་དང༌། །མོས་ཀྱང་ཆོས་དང་བླ་མ་ཡི། །བླང་དོར་དམིགས་མེད་ཐ་ཤལ་བས། །སྐྱབས་འགྲོ་མ་ཎི་ཅི་འགྲུབ་བྱས། །དྲན་ཚད་སྡིག་མེད་མི་འགྱོད་ཙམ། །དེ་དག་ནི་ཆོས་འདོད་བསམ་བཀླག་གི་དུས་སོ། །ལོ་དགུ་པ་ལ་ཆབ་ཀློག་ཐད་ཀ་ཤེས། །གཞན་གྱི་ལང་གཤེགས་ཚར་བདུན་བཏོན། །སྐྱོ་ཤས་ཤ་ཡི་ཉེས་དམིགས་གོ །ཤ་སྤངས་རབ་བྱུང་བྱ་སྙམ་པའི། །ངེས་འབྱུང་ཐག་ཆོད་ཞག་བདུན་བྱུང༌། །ཕ་མའི་གོར་ཕྱིན་གྲོས་དྲིས་པས། །ལོ་ཤས་ཀློག་དང་གཡོག་གྱིས་ཟེར། །ཡང་ཞུས་མ་གནང་དབང་མེད་པས། །བྱིས་པ་མང་པོའི་སློབ་དཔོན་དང༌། །ཕ་མ་ཆུང་བདག་སོ་ཚིས་བྱས། །གསུང་རབ་ཕལ་ཆེར་བཏོན་པ་ཡིས། །འཁོར་བའི་ཉེས་དམིགས་རྒྱུ་འབྲས་ཆ། །ས་ལམ་འཕགས་པའི་སྤང་རྟོགས་དང༌། །རབ་བྱུང་རབ་མཐའི་ཀུན་སྤྱོད་དང༌། །སྔོན་དང་ད་ལྟའི་དགེ་སྦྱོང་གི །སྤྱོད་པའི་ཁྱད་པར་གང་གསུངས་རྣམས། །ཇི་ལྟར་གསུངས་བཞིན་བདེན་པར་གོ །ཆོས་བྱ་དབང་བྱུང་བྱེད་ལུགས་ཀྱང༌། །སྔོན་གྱི་དམ་པའི་རྗེས་འབྲངས་ལ། །བྱས་ལོ་ཙམ་ལ་མི་བཞག་སྙམ། །གོ་ཆ་གྱོན་ཀྱང་གཞན་དབང་སོང༌། །རྒྱལ་ཁམས་འགྲིམ་པར་བརྩམས་ན་ཡང༌། །ལུས་ངན་སེམས་སྟོབས་ཆུང་བ་ཡི། །འབྲེལ་པས་བཙོན་དོང་འབུད་མ་ནུས། །ཆོས་མེད་ཤི་དོགས་སྙིང་ཟུག་