R30: ཞང་དཀོན་མཆོག་དཔལ་བའི་རྣམ་ཐར།

  • Pagination (Witness A): ༣༦༣
[A:༣༦༣]པའི་ཆོས་རྒྱུད་དྲི་མ་མེད་པ་ལ་སྔོན་གྱི་ལས་སད་པས་མི་ཕྱེད་པའི་དད་པ་ཆེན་པོས་གསུང་ངག་རིན་པོ་ཆེ་ཞུ་བར་དགོངས་པ་ལ། དེ་ཙམ་ན་ཆོས་ཀྱི་རྒྱལ་པོ་འཕགས་པ་ཉིད་བསྟན་པ་སྤྱི་དང༌། བྱེ་བྲག་ས་སྐྱ་པའི་ཆོས་རྒྱུད་ཀྱི་བདག་པོར་བཞུགས་ན་ཡང་བོད་ན་མི་བཞུགས་ཏེ་རྒྱ་ཡུལ་དུ་བྱོན་ནས། བོད་དུ་འབྱོན་གྱིན་ཡོད་ཟེར་བ་གསན་པས་ས་དང་པོ་ལྟ་བུའི་སྤྲོ་བ་སྐྱེས་ཏེ། གྲོགས་མཆེད་དགེ་སློང་ཀུན་བློ་ཟེར་བ་ཅིག་དང༌། གཉིས་པོས་གསུང་ངག་རིན་པོ་ཆེ་ཞུ་བ་ལ་མདོ་ཁམས་རྩམ་མདོའི་བར་དུ་ཞབས་ཐང་དུ་བྱོན། བླ་མ་དང་འཇལ་བས། ཁྱེད་གཉིས་གང་ནས་འོངས། ཅི་ལ་འོངས་བྱ་བ་ལ་སོགས་པའི་དྲི་བ་མཛད་པས། བདག་ཅག་ས་སྐྱ་པའི་ཆོས་རྒྱུད་དྲི་མ་མེད་པ་ལ་མོས། ཁྱད་པར་དུ་གསུང་ངག་རིན་པོ་ཆེ་ཞུ་བ་ལ་ས་སྐྱ་ནས་དྲུང་གི་སྤྱན་སྔར་འོངས་པ་ལགས་ཐུགས་རྗེས་འཛིན་པར་ཞུ་ཞེས་ཞུས་པས། བླ་མ་འཕགས་པའི་གསུངས་ནས། དུས་ད་ལྟ་ངའི་གམ་དུ་རྒྱ་བོད་ཧོར་གསུམ་གྱི་མི་ཆེ་འབྲིང་ཆུང་གསུམ་མང་པོ་འོང་གིན་འདུག་སྟེ། ཆོས་ཁོ་ན་དོན་དུ་གཉེར་བ་ལས་ཐག་རིང་ནས་འོངས་པ་ཁྱེད་གཉིས་ཙམ་ལས་མ་བྱུང༌། དེ་བཞིན་བྱ་དགོས་གསུངས་ནས་ཤིན་ཏུ་མཉེས། དེ་ནས་བཟུང་སྟེ་བླ་མ་སྐུ་མ་གཤེགས་བར་དུ་ལུས་དང་གྲིབ་མ་བཞིན་དུ་བསྟེན་པས་ཐུན་མོང་མ་ཡིན་པའི་ཐུགས་ཀྱི་སྲས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་བླ་མ་ཞང་དཀོན་མཆོག་དཔལ་བ་འདི་ཉིད་ཡིན་ཏེ། དེའང་ས་སྐྱར་བཞུགས་པའི་ཚེ། བླ་མ་འཕགས་པ་སྐུ་ཁམས་བསྙུང་བ་ཅིག་བྱུང་ནས། མོ་རྩིས་ལ་སོགས་ནས། ངན་དོགས་ཆེ། སྐུ་རིམ་ཆེན་པོ་དགོས་དེའང་དབུས་གཙང་གི་ཆོས་ལ་རྡུལ་སྤྲུགས། མཆོད་རྟེན་བཞེངས་པ། ཕྱག་རྫས་ཐམས་ཅད་སྤོང་ཐག །བླ་མའི་དམ་ཚིག་པ་ཐམས་ཅད་ཚོགས་ནས་སྒྲུབ་མཆོད་སྦྱིན་སྲེག་བརྒྱ་རྩ་བྱེད་དགོས་ཟེར་བ་ལ་སོགས་པ་བྱུང་བ་ལ། འཕགས་པའི་གསུང་གིས་གཞན་ཚོ་གང་གྲུབ་གྲུབ་གྱིས། དམ་ཚིག་པ་རྣམས་ཚོགས་ལ་སྒྲུབ་མཆོད་བྱ་དགོས་གསུང་པ་དེ་ཀུན་ཞང་དཀོན་མཆོག་དཔལ་སྦྱིན་སྲེག་