R30: ཞང་དཀོན་མཆོག་དཔལ་བའི་རྣམ་ཐར།

  • Pagination (Witness A): ༣༦༦
[A:༣༦༦]ཅིག་གིས་བདག་མེད་མའི་བྱིན་རླབས་ཞུ་ཡིན་འདུག་པས་གྲངས་ཀ་ཡང་མ་འགྲིག་འདུག་པ་ལ། ཞུ་བ་པོ་རྣམས་ལ་བདག་གསེབ་ཏུ་འཇུག་པ་ཅིག་བླ་མ་ལ་ཞུ་རོགས་བྱས་ན་ཐུགས་ལ་འདོགས་སེ་བྱས་པས། ཁོང་རྣམས་ན་རེ་ལོས་ཀྱང་འོང༌། ངེད་ཀྱི་ཞུས་པས་གནང་གི །ཁྱེད་རང་ཁྲུས་གྱིས་ལ་ངེད་འདི་དང་འདིའི་བར་དུ་སྡོད་ཅིག་ཟེར། དེ་ལྟར་བྱས་པས་ལས་ང་ལ་ཁྱོད་འཐོན་གསུངས་ནས་འོང་སྙམ་ཙ་ན། བུ་ཚ་ཁྱོད་ཅི་བྱེད་འཐོན་གསུངས་པ་ལ། གྲོགས་མཆེད་རྣམས་ཀྱིས་འདི་དྲུང་གི་ཞབས་ཏོག་གུས་པོ་བྱེད་པ་བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་པ་ཅིག་འོང་བ་གདའ་ལགས་པས། ད་ལན་ཅིས་ཀྱང་ཐུགས་རྗེས་འཛིན་པར་ཞུ་ཞུས་པས་འོ་ན་གྲངས་ཀ་ཡང་མ་འགྲིག་པར་འདུག་པས་བྱ་དགོས་པ་ཡིན་གསུངས་ནས་གནང༌། དེ་ཡན་ཆད་དུ་ནཱ་རོ་པས་ཏི་ལོ་པ་བསྟེན་པའམ། མི་ལས་མར་པ་བསྟེན་པ་ལྟ་བུའི་དཀའ་བ་སྤྱད་པས་ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་འགྲིག་ཅིང༌། སྣོད་ལྡན་དུ་རྒྱུད་ཡོངས་སུ་དག་པར་མཛད་པས། དེ་ཕྱིན་ཆད་ནར་མར་ཆོས་ཅི་ཞུས་པ་ཐམས་ཅད་དཀའ་བ་མེད་པར་གནང་སྟེ། བླ་མ་དེ་ལ་མངའ་བའི་གསུང་ངག་གིས་ཐོག་དྲངས་པས་བཀའ་ལུང་མན་ངག་ཐམས་ཅད་བུམ་པ་གང་བྱོར་གནང་སྟེ། བཀའ་ཐོབ་ཙམ་དང་ཐོབ་ལོ་ཙམ་མ་ཡིན་པའི་བྱིན་རླབས་ཀྱི་ཉམས་བརྒྱུད། མཐོང་བ་བརྒྱུད་པའི་ཕྱག་ལེན་པར་བཏབ་པ་ལྟ་བུ་མཐར་ཕྱིན་པར་སྨིན་པར་མཛད་དོ། །དེས་ན་བླ་མ་འཕགས་པ་ལ་སློབ་མ་མང་དུ་བྱུང་ཡང་ལམ་འབྲས་གཞན་ནས་ཆེར་མ་འཕེལ་ལོ། །ཞང་པའི་སློབ་མ་གཞན་ལས་མ་འཕེལ། བྲག་ཕུག་པ་ཁོ་ན་ལས་མང་དུ་འཕེལ་ལོ། །དུས་ཕྱིས་བླ་མ་ཞང་དེ་འཕགས་པ་རིན་པོ་ཆེའི་བུ་ཆེན་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་པས། བླ་མ་བདག་ཉིད་ཆེན་པོས་དབུས་ནས་ས་སྐྱར་གདན་དྲངས་ཏེ། ཆོས་གདམས་ངག་ལ་སོགས་པ་ཞུ་བར་བཞེད་པས་ས་སྐྱར་བཞུགས་ཤིང༌། དགུང་ལོ་དྲུག་ཅུ་རེ་བརྒྱད་པ་ལ་གདུལ་བྱ་རྟག་འཛིན་ཅན་རྣམས་ལ་དགོངས་ནས། ཟླ་བ་གསུམ་པའི་ཉི་ཤུ་དྲུག་ལ་བདེ་བར་གཤེགས་པའི་ཚུལ་བསྟན་