R31: རྒྱལ་བ་བྲག་ཕུག་པའི་རྣམ་ཐར།

  • Pagination (Witness A): ༣༧༤
[A:༣༧༤] དབང་པོ་བག་ལ་ཉལ་དང་མཐུན་པར་སྨིན་གྲོལ་གྱི་མཛད་པ་རྒྱུན་མི་ཆད་དོ། །ས་འཛིན་མཁས་གྲུབ་གཙུག་ན་རབ་མཛེས་ཤིང༌། །སོ་སོར་རྟོག་པའི་བློ་གྲོས་འོད་བརྒྱ་རྒྱས། །སི་ཏའི་རྒྱུན་འདྲའི་སྡུག་བསྔལ་ཆུུ་བོ་སྐེམས། །སུ་ལའང་བྱམས་པའི་སེམས་ཀྱིས་ཀུན་དུ་ཁྱབ། །མ་ལུས་ཤེས་བྱའི་ཆོས་ཀུན་མཁྱེན་གྱུར་ཅིང༌། །མེ་ཏོག་མདའ་ཅན་རབ་ཏུ་ཕམ་མཛད་དེ། །མུ་མེད་སྲིད་པའི་གཡང་སར་ལྷུང་བ་རྣམས། །མི་ཟད་ཐུགས་རྗེའི་ལྕགས་ཀྱུས་འདྲེན་མཛད་རྒྱལ། །དུས་གསུམ་རྒྱལ་བའི་རྣམ་འཕྲུལ་ཆོས་ཀྱི་རྗེའི། །རྨད་དུ་བྱུང་བའི་ཕྲིན་ལས་དཔག་ཡས་ལས། །དད་པས་ཆ་ཙམ་བླངས་ཏེ་བཀོད་པ་ཡིས། །རྣམ་པར་གྲོལ་བའི་ཡོན་ཏན་རབ་རྒྱས་ཤིང༌། །སྒྲིབ་གཉིས་དྲི་མེད་བག་ཆགས་ཀུན་བསལ་ཏེ། །དཔལ་ལྡན་བླ་མ་གང་དུ་གཤེགས་པ་ཡི། །ཞིང་ཁམས་རྣམ་དག་བདེ་བ་ཅན་སོང་ནས། །ཆོས་ཀྱི་རྒྱལ་པོ་འོད་དཔག་མེད་པ་ལ། །བྱང་ཆུབ་མཆོག་གི་ལུང་བསྟན་རབ་ཐོབ་ནས། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་མཛོད་འཛིན་ཅིང༌། །སེམས་ཅན་རེ་རེའི་མདུན་དུ་བདག་གནས་ཏེ། །མཁའ་མཉམ་འགྲོ་བ་འདྲེན་པའི་དཔལ་དུ་ཤོག །དེ་ལྟར་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པའི་སྤྲུལ་སྐུ་མཆོག་གི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་མི་འཕྲོགས་པའི་མཁྱེན་རབ་དང༌། ཐུགས་རྗེ་ཕུན་སུམ་ཚོགས་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་བྲག་ཕུག་པའི་ཞབས་རྡུལ་སྤྱི་བོས་ལེན་པ་དཔལ་ལྡན་བློ་གྲོས་བརྟན་པས་ལྕགས་མོ་ཡོས་ཀྱི་ལོ་སྟོན་ཟླ་ཐ་ཆུངས་སྨིན་དྲུག་གི་ཟླ་བའི་ཚེས་གཅིག་ལ་སྦྱར་བའོ།།