R32: རི་ཁྲོད་པ་ཆེན་པོ་བློ་གྲོས་བརྟན་པའི་རྣམ་ཐར།

  • Pagination (Witness A): ༣༨༥
[A:༣༨༥]མེ་ཁོར་ཡུག་བཙུགས། ཟླ་མཆོད་དུས་མཆོད་ཡོད་པ་རྣམས་སྔར་བས་ཀྱང་བཟང་ཞིང་རྒྱ་ཆེ་བ་མཛད། བསྒོམ་གྲའི་ཆོས་ཚུལ་སྔར་ཆོས་རྗེའི་བཀའ་སྲོལ་ཇི་ལྟར་ཡོད་པ་བཞིན་རྣམ་པར་ཐར་པ་བསྐྱངས་ཤིང་གསུང་ངག་ལ་སོགས་པའི་ཆོས་བཀའ་ལུང་ཟབ་ཅིང་རྒྱ་ཆེ་བས་སྐལ་ལྡན་གྱི་སྐྱེ་བོ་དཔག་ཏུ་མེད་པ་ཟབ་མོའི་ལམ་ལ་སྨིན་ཅིང་གྲོལ་བར་མཛད་དོ། །ཟང་ཟིང་གི་དངོས་པོ་ཕྱག་ཏུ་བྱུང་བ་ཀུན་ཀྱང་མི་ཆོས་དང་ཚུལ་ཟོག་གིས་གཞན་དཀར་ལ་འབག་བཅོལ་བྱེད་པ་ལ་སོགས་པ་ཆོས་དང་མི་མཐུན་པ། མཆོག་གི་རྫས་མཆོག་མིན་ལ་སྦྱོར་བ་དང༌། དད་པ་ཅན་གྱི་རྫས་པོ་ཟེགས་ལ་སོགས་ཆུད་ཟོས་དང༌། གང་ཡིན་ཡིན་དོན་མེད་ལ་ཅུང་ཟད་ཀྱང་མི་འགྲོ་སྟེ། དམ་དོགས་ཆེ་བར་མཛད་ཅིང༌། དཀོན་མཆོག་ལ་མཆོད་པ་དང༌། དགེ་འདུན་གྱི་བསྙེན་བཀུར། སྒྲུབ་མཆོད། གཟུངས་སྔགས། གསུང་རབ་ཀློག་པ་ལ་སོགས་པ་སྐྱེ་བོ་དབུལ་ཞིང་ཕོངས་པ་རྣམས་ཀྱང༌། ཆོས་སྤྱོད་སྒྲུབ་པ་ལ་སོགས་པ་ལ་སྦྱར་ནས་དགེ་བའི་ཕྱོགས་ཁོ་ན་རུ་དོན་ཅན་ལ་ཕོངས་པ་མེད་པར་གཏོང་བར་མཛད་ཅིང༌། འཛིན་ཆགས་མི་མངའ་སྟེ་ངོ་མཚར་བའི་རྣམ་པར་ཐར་པ་ཅིག་འདི་ཡིན་ནོ། །དགུང་ལོ་བཞི་བཅུ་ཞེ་གསུམ་པ་ལ་ཟླ་བ་དྲུག་ཙམ་གྱི་གང་ནས། དགེ་སྦྱོར་ལ་སོགས་པའི་ཞལ་བཀོད་མང་དུ་མཛད་ཅིང༌། ད་ལོ་འཆི་ཉེན་ཡོད་གསུངས། ཅུང་ཟད་སྐུ་ཁམས་བསྙུང་ནས། ད་ང་འཆི་བ་ཡིན་པས་ཕན་པ་མིན་ན་ཡང༌། ཁྱེད་རྩ་ན་ཡོད་པ་ལ་ཡང་མིས་འཐབ་ཏུ་འོང་བས་རིམ་གྲོ་ལ་སོགས་པ་འདི་ལྟར་གྱིས། རྗེས་ཀྱི་བྱ་བ་འདི་ལྟར་གྱིས་ལ་སོགས་པའི་ཞལ་བཀོད་རྣམས་མཛད་དེ། ཕྱག་དཔེ། ཐུགས་དམ། རྡོ་རྗེ་འཛིན་པའི་དགོས་ཆ་སན་སུན་ཡོད་པ། སློབ་དཔོན་དཔལ་ལྡན་གྱིས་ཉ་ར་གྱིས་ལ། རིན་རྒྱལ་གྱིས་གཡོག་ང་དང་འགྲོགས་ལམ་ཇི་ལྟར་བྱེད་པ་བཞིན་གྱིས་གསུངས་ཏེ། བཞི་བཅུ་ཞེ་གསུམ་པ་ཁྱི་ལོ་ཟླ་བ་གསུམ་པའི་ཚེས་བཅུ་ལ་ཚ་མོ་རོང་བྱང་ཆུབ་རྫོང་དུ་བདེ་བར་གཤེགས་སོ། །བདེ་བར་གཤེགས་