R32: རི་ཁྲོད་པ་ཆེན་པོ་བློ་གྲོས་བརྟན་པའི་རྣམ་ཐར།

  • Pagination (Witness A): ༣༧༥
[A:༣༧༥]དང་བཞིའོ། །དང་པོ་བླ་མ་འདིའི་འཁྲུངས་ཡུལ་ནི། འབྲིང་མཚམས་ལྕིམ་ལུང་ཁ་ལྔ་དགོན་གསར་པ་སྟེ། ལུང་པ་དེ་ན་རུས་ཆེན་དྲུག་སྟེ། སྟོད་ན་རྩི་དང་ལྡང་རོ་གཉིས། སྨད་ན་མགར་དང་ངན་རྫོང་གཉིས། བར་ན་ཤེ་དང་བྲང་ཏི་གཉིས་ཡོད་པ་ལས། ཡབ་ཕྱུག་པོ་ཆོས་སྐྱོང༌། ཡུམ་ཕྱུག་མོ་སྒྲོན་ནེ་གཉིས་ཀྱི་བུ་གཅིག་པོ་སྟེ། བུ་ཚ་སྔ་མ་རྣམས་མ་འཚོ་བར། ཡུལ་དང་ཐག་ཉེ་བ་ན་ཇོ་མོ་བློ་རི་མ་ཟེར་བའི་རྙིང་མ་བའི་སྒྲུབ་ཁང༌། རེ་མ་ཏི་གནས་པའི་གཉན་མོ་ཅིག་ཡོད་པ་དེའི་རྦོད་གཏོང་ཡོད་པས། དེ་ལ་སྲིའུར་བཅུག་ནས་མཚན་ཡང་བློ་གྲོས་རིན་ཆེན་བྱ་བར་བཏགས། འདི་ནི་སྔོན་གྱི་ལས་འཕྲོ་སད་པའི་རིགས་ཅན་ཞིག་སྟེ། དགུང་ལོ་བཞི་པ་དང་ལྔ་པ་ནས་འཁོར་བ་ལ་སྐྱོ་ཤས་དྲག་པོ་དང༌། ཆོས་ཅིག་བྱ་དགོས་སྙམ་པའི་འདུན་པ་ཐུགས་རྒྱུད་ལ་ལྷང་ལྷང་པ་འཁྲུངས་ཏེ། སྒྱེ་ཆུང་དཀར་མོ་ལེགས་པོ་ཅིག་ཡོད་པར་རྩམ་བྲེ་རེ་བླུགས་ནས་ཨ་མ་ལ་སྦས་ཏེ། དེ་ཁུར་ལ་ག་ཤེད་དུ་ཆོས་ལ་འགྲོ་དགོས་སྙམ་པ་རྟག་ཏུ་མཛད་པས། རེས་འགའ་ཕྱེ་སྒྱེ་ཨ་མས་རྙེད་ཀྱིན་འདི་བློ་ཕྱིན་ཀ་ལོག་བྱེད་པ། ངའི་བུ་འདི་ལ་བ་སྤུ་རེ་ལ་ལུག་རེ་བཅལ་བ་ཡིན། ཆོས་ལ་ཕྱིན་པས་ཕན་པ་མེད་ཟེར་གྱིན་འཐབ་ཏུ་འོང༌། དེ་མིན་གང་བྱས་ཀྱང་བུ་གཅིག་པོར་སོང་བས་འཐབ་པ་ཡེ་མི་འོང་ན་ཡང༌། ཁོང་པ་ཆོས་ལ་འགྲོ་ཟེར། ཨ་མས་དེ་ལ་འཐབ། ཡུལ་དེའི་ཕ་ཟད་ན་མཆོད་རྟེན་བྱེ་བའི་ཡ་བ་བྱང་ཆུབ་ཆེན་པོའི་མཆོད་རྟེན་ལ་ལྷ་ཁང་ཀུན་ར་དང་བཅས་པ་ཆུང་ངུ་ཅིག་ཡོད་པ་ན། ནག་པོ་སྤྱོད་པའི་སྐུ་སྐྱེ་བ། ཞང་འཕྲུལ་ཞིག་བྱ་བ་དགེ་བའི་བཤེས་གཉེན་བཟང་པོ་ཅིག་གི་བཞུགས་ས་ཡིན་པ། དེའི་སྐུ་འདྲ་ཅིག་ཡོད་པ་དེ་གཟིགས་པས་དད་པ་དང་མོས་པ་དགའ་སྙམ་པ་བྱུང་བས། གོ་ཀ་ལ་སོགས་བྱིས་པ་རྩེ་ས་རྣམས་སུ་ཡང༌། ངས་ལྷ་ཆེན་པོ་ཅིག་བྱ་ཡིས་ཟེར་ནས་ལུས་གནད་ལྟ་སྟངས་མཛད་གྱིན་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ཅིག་བྱུང༌། ལྷ་ཁང་དེ་ན་ཁོང་པ་རང་གི་བླ་མ་ཤེས་རིན་པ་བྱ་བ་དང༌། ཆོས་པ་འདྲ་ཡོད་པས་དེ་རུ་བྲོས་ཀྱིན་