R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༧༩
[A:༥༧༩]པའི་རྐྱེན་གྱུར་སྲིད་ཞིའི་དཔལ་འབྱོར་རྣམས། །དབྱར་མཚོ་ཇི་བཞིན་ངང་གིས་འཕེལ་རྒྱས་ཤོག །ལས་དབང་རྟེན་འབྲེལ་མེད་ན་ད་ཀོ་ནི། །ཟླ་བའི་བར་དུའང་འགྱང་བའི་སྐབས་མེད་པར། །ཟག་སྣོད་འཁྲུལ་འཁོར་འདི་དང་བྲལ་བྱས་ནས། །ཡིད་ལ་གཅགས་པའི་གནས་དེར་མྱུར་བགྲོད་ཤོག །ས་འཛིན་སྐྱ་བོར་ངོ་མཚར་རོལ་རྩེད་མཁན། །བརྒྱུད་པར་བཅས་པའི་ཕྲིན་ལས་རྩ་ལག་མཆོག །ཡིག་གཉིས་དོན་ལྡན་འདྲེན་པའི་རིང་ལུགས་མཆོག །སྲིད་མཐའི་བར་དུ་མི་ཉམས་རྒྱས་པར་ཤོག །ཀྱེ་མ་ད་དུང་སྨྲེ་སྔགས་སྨོན་ལམ་ནི། །སྡོམ་བརྩོན་བུང་བས་ངད་ལྡན་མེ་ཏོག་ལས། །བླངས་པའི་སྦྲང་རྩི་མཆོག་གསུམ་མཆོད་པའི་ཐེབས། །འཛོམས་པ་རྣམས་ཀྱི་བསམ་སྦྱོར་ཀུན་ཞི་ཤོག །སེམས་ཅན་གཅིག་ལ་ཕན་ནའང་བདག་ཅག་ལུས། །གཏོང་བའི་དམ་བཅས་ཡོད་ན་བསྟན་འགྲོ་ལ། །ཕན་ན་སེ་གོལ་གཏོགས་པའི་ཚེ་མེད་ཀྱང༌། །བསྟན་འགྲོའི་གླུད་དུ་བདག་ཅག་འགྱུར་བར་ཤོག །བདག་གིས་བསམ་པ་ཐག་པའི་སྨོན་ལམ་འདི། །མཐོང་ཐོས་དྲན་པར་འགྱུར་རོ་ཅོག་ཀུན་གྱི། །རྒྱུད་ལ་ངེས་འབྱུང་བློ་ཡིས་རྒྱུད་བསྐུལ་ནས། །མངོན་མཐོ་ངེས་ལེགས་ས་བོན་ཐེབས་པར་ཤོག །བདག་ལ་བློ་གཏད་ཤི་གསོན་གྲངས་མེད་ཀུན། །མཆོག་གསུམ་ཐུགས་རྗེའི་གཟིགས་པ་དྲི་མེད་དང༌། །ཆོས་ཉིད་འགྱུར་མེད་རྟེན་འབྲེལ་བསླུ་མེད་མཐུས། །གནས་སྐབས་མཐར་ཐུག་དོན་གཉིས་ལྷུན་གྲུབ་ཤོག །མདོར་ན་ནམ་མཁའི་མཐའ་ཁྱབ་ཡིད་ཅན་རྣམས། །གང་འདུལ་ཐབས་ཀྱིས་མཐར་ཐུག་གནས་ཁྲིད་པའི། །ཀུན་མཆོག་རྡོ་རྗེ་འཆང་གི་གོ་འཕང་མཆོག །འགྱང་མེད་མྱུར་དུ་ཐོབ་པའི་བཀྲ་ཤིས་ཤོག །དངོས་བརྒྱུད་བླ་མ་ལྷ་དང་དཀོན་མཆོག་གསུམ། །བསྟན་སྲུང་ནོར་ལྷའི་བྱིན་རླབས་མཐུ་དཔལ་གྱིས། །ཕྱོགས་དུས་ཀུན་དུ་སྲིད་དང་ཞི་བ་ཡི། །དགེ་ལེགས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་པ་རྒྱལ་བས་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་