R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༨༠
[A:༥༨༠]པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས་ཞེས་བྱ་བ་འདི་ནི་དམ་པ་གོང་མ་རྣམས་ཀྱིས་རྣམ་ཐར་གྱི་ཡི་གེ་དུ་མ་མཛད་ཀྱང༌། དེང་སང་དཔེ་རྣམས་འཛོམ་དཀའ་ཞིང་སྐབས་དོན་རྣམས་རྟོགས་དཀའ་བས་རྣམ་ཐར་སྔ་མ་རྣམས་ཀྱི་ལེགས་ཆ་བསྡུས་པའི་ཡི་གེ་ཞིག་བགྱིས་ཞེས་རྒྱལ་ཚབ་དམ་པ་ཕྲིན་ལས་ཡུན་རིང་དུ་བསྐྱངས་པའི་ཁྱབ་བདག་བླ་མ་ལྷུན་གྲུབ་དཔལ་ལྡན་གྱི་ཞལ་སྔ་ནས་ཀྱི་བཀའི་ཅོད་པན་གནང་བ་སྤྱི་བོར་བླངས་ཤིང༌། རང་ཉིད་ཀྱང་མོས་པའི་རྒྱུ་བྱས་ནས་བྱ་བྲལ་སྙོམ་ལས་པ་སངས་རྒྱས་ཕུན་ཚོགས་ཀྱིས་སྙན་དངགས་ཀྱི་སྒྲོ་བཏགས་ཀྱི་ཚིག་སྦྱོར་སྤངས་ཤིང༌། མ་བཅོས་པ་ཉིད་རྒྱན་གྱི་དམ་པར་བྱས་ཏེ། བླ་མ་གོང་མ་རྣམས་ཀྱི་གསུང་རབ་ལས་ཇི་ལྟར་འབྱུང་བ་བཞིན་རྣམ་བྱུང་ཞེས་པ་ས་ཕོ་འབྲུག་གི་ལོའི་དབྱུ་གུའི་ཟླ་བའི་རྒྱུ་སྐར་རྒྱལ་པོ་ཆ་ཤས་ཡོངས་སུ་རྫོགས་པའི་ཚེས་ལ། ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས། དཔལ་ཨེ་ཝཾ་ཆོས་ལྡན་གྱི་གཙུག་ལག་ཁང་དུ་སྦྱར་བའོ། །སྨྲས་པ། སྲས་བཅས་རྒྱལ་བའི་རྟོགས་བརྗོད་རྣམ་ཐར་རྣམས། །ཐར་འདོད་ལམ་གྱི་རྩ་ལག་ཡིན་ན་ཡང༌། །གཏམ་བརྒྱུད་ཙམ་དུ་བསམས་ནས་འདོར་བྱེད་པ། །དེ་དག་སེམས་ནི་ཡིད་སྲུབ་བྱེད་པོས་བསླད། །འབེལ་གཏམ་འདི་ལ་ངེས་ཤེས་འདྲོངས་འདོད་ན། །ལེགས་གསུང་འདུལ་བ་ལུང་དང་མདོ་སྡེ་སོགས། །བགྲང་ཡས་གསུང་རབ་བལྟ་ཞིང་རིགས་པས་དཔྱོད། །དེས་ན་བདག་ལ་ཡི་རང་ཅིས་མི་སྐྱེ། །ཨ་ཧོ་འགྲོ་བ་ཕལ་གྱི་སྣང་ཚུལ་གཟིགས། །གཏན་དུ་བདེ་བའི་དམ་ཆོས་ཡིད་བཞིན་དབང༌། །ཞར་བྱུང་ཙམ་ལས་སྙིང་ནས་དོན་གཉེར་དཀོན། །ལོངས་སྤྱོད་སྙན་གྲགས་ཙམ་ཞིག་དོན་གཉེར་མཚར། །ཞེས་ཀྱང་ཤུགས་བྱུང་ཐལ་བ་ལགས། ཤུ་བྷ་མསྟུ་སརྦ་ཛ་གཏྟཾ།།