R374: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རྗེ་ལུ་ཕུ་བ་འབུམ་ཆེན་ཀུན་དགའ་དཔལ་འབྱོར་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༨བ
[A:༨བ]ཚོགས། ཡང་བཟློག་ནག་པོ་དྲག་སྔགས་སྤུ་གྲིའི་འཁོར་ལོ། རྟ་མགྲིན་གསང་སྒྲུབ་ཀྱི་ཡང་བཟློག་རྡོ་རྗེ་ཕ་ལམ་སོགས་རཏྣ་གླིང་པས་གཏེར་ནས་སྤྱན་དྲངས་པའི་མན་ངག་གི་ཡིག་སྣ་འགའ་ཞིག་དང་། གཤིན་རྗེའི་ལས་ཚོགས་ལྔའི་ཌ་ཀིའི་ཟ་ཡིག་རྣམ་དགུ་འཁོན་སྦྱོང་ཨན་དར་རྡོ་ལུང་མ་སྤ་གྲོ་སྐྱེར་ཆུའི་ལྷ་ཁང་ནས་མངའ་བདག་ཉང་གིས་སྤྱན་དྲངས་པ། བྱང་ཟང་ཟང་ལྷ་བྲག་ནས་རིག་འཛིན་རྒོད་ལྡེམ་པས་སྤྱན་དྲངས་པའི་གུ་རུ་ཐུགས་སྒྲུབ་ཀྱི་དཔེ་ཚན་ཉེར་གཅིག་པ། སློབ་བུའི་འདོད་པ་བརྟག་ཐབས་ཀྱི་མན་ངག ཕྱག་རྡོར་དྲེགས་པ་ཀུན་འདུལ་ལ་བརྟེན་པའི་མན་ངག་ཆར་འབེབས། སྤྲུལ་སྐུ་པདྨ་གླིང་པའི་གཏེར་ཆོས། གསོལ་ཁ་མཚོན་ཆ་ཅན་གྱི་ལག་ལེན་ནག་པོ་འགྲོ་ཤེས། མངོན་སྤྱོད་དགྲ་བོ་སྒྲོལ་བའི་ལས་ཀུན་ལ་གཅེས་པའི་ལག་ལེན་ཡིག་ཆུང་ཟབ་རྒྱ་ཅན། གུ་རུ་འཇམ་དཔལ་བཤེས་གཉེན། སློབ་དཔོན་པདྨ། གནུབས་སངས་རྒྱས་ཡེ་ཤེས་ཀྱིས་ཕྱི་རབས་བསྟན་པ་བསྲུང་བའི་མཚོན་ཆར་ཕུང་པོ་རི་བོ་ཆེར་སྦས་པ་ཞང་ཁྲོམ་གྱིས་གཏེར་ནས་བཏོན་པ་རྣམས་ཐོས་སོ། །ཡང་བཟློག་དེ་རྣམས་ནི་ཆོས་རྗེ་སྲིད་གསུམ་པས་བླ་མ་དཔལ་སྡིང་པ་ལ་ཡང་གསན་གསུངས། འདིར་སྨྲས་པ། པུ་ཎྱ་སཱ་ག་ར་པྲ་ཛཱ་ཏི་ཤྲཱི་ཀྵོ་ཏྲེ།
བསོད་ནམས་རྒྱ་མཚོས་བསྐྲུན་པའི་དཔལ་ཞིང་དུ། །
ར་བཱི་ཨུ་ད་ཡ་སྱ་མཎྜ་ལེ་བ་པྲ་ཀཱ་ཤཤྩ།
ཉི་མ་འཆར་ཀའི་དཀྱིལ་འཁོར་ལྟར་གསལ་ཞིང་།
།ཀརྨ་ས་ཧསྟ་ཀནྡྷ་མཧཱ་བྷཱ་ས།
འཕྲིན་ལས་འོད་སྟོང་ཕུང་པོ་ཆེར་འབར་བ།
།གུ་རུ་ཨཱ་ནནྡ་པཱ་ད་སྱ་པདྨེ་ནཱ་མ།
བླ་མ་ཀུན་དགའི་ཞབས་ཀྱི་པདྨར་འདུད།
།ཤེས་བྱ་ཀུན་ལ་མཁྱེན་པའི་སྤྱན་མངའ་ཞིང་། །བདེ་སྟོང་དགའ་བཞི་ཡེ་ཤེས་ཐུགས་མངའ་བ། །སྲིད་ཞིའི་དཔལ་འབྱོར་