R380: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༧༦ན
[A:༧༦ན]དབྱངས། །
ཨ་བི་ཡོ་ག་ཧྲཱི་ད་ཡཱ་ས་ཙ་མ་ཀྲི་ཏ།
འབྲལ་མེད་སྙིང་གི་དཀྱིལ་ནས་གསོལ་བ་འདེབས། །
ཆོས་ཀུན་གཟིགས་ཁྱོད་མཁྱེན་པའི་མེ་ལོང་ངོས། །མ་ཤར་ཤེས་བྱའི་གཟུགས་བརྙན་དེ་ཅི་ཞིག །ཀུན་མཁྱེན་ཁྱོད་འདྲ་སྔོན་ཀྱང་གངས་ལྗོངས་འདིར། །མ་བྱོན་པ་ཙམ་ཕྱིན་ཆད་ལྟ་ག་ལ། །དེས་ན་ཁྱོད་ཐུགས་ཆོས་ཀྱི་རྒྱ་མཚོ་ཆེ། །གཏིང་མཐའ་མི་མངོན་ལས་འོངས་ལེགས་བཤད་ཀྱི། །ཆུ་ཀླུང་སྟོང་གིས་བདག་བློ་མི་ཤེས་པའི། །ཚ་གདུང་སེལ་མཛད་བཀའ་དྲིན་བགྲང་ཡས་རྣམས། །དྲན་པའི་མོད་ལ་སྤུ་ལྡང་མཆི་མ་གཡོ། །ད་དུང་གསུང་རབ་རྒྱ་མཚོའི་དཀའ་གནས་ལ། །གཞན་གྱིས་མ་རྟོགས་ཐེ་ཚོམ་སེལ་བའི་ཕྱིར། །མཇལ་འདོད་སེམས་ཀྱི་ལྷག་མ་ལུས་པའི་ཡིད། །རྟེའུ་མ་དང་བྲལ་འདྲའི་སྡུག་བསྔལ་གྱི། །ཁུར་གྱིས་མནར་བའི་མགོན་མེད་བདག་འདྲ་ལ། །མི་མངོན་དབྱིངས་ནས་བརྩེ་ལྡན་བཤེས་ཁྱོད་ཀྱིས། །གཟིགས་ལ་རྣམ་དཔྱོད་བློ་གྲོས་སྣང་བ་སྩོལ། །ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་ལས། རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་ཀྱིས་རྗེས་སུ་བཟུང་བའི་སྐབས་ཏེ་དགུ་པའོ།། །།མངྒ་ལཾ།། །།གཅིག་ཞུས།། ༈ མཁན་ཆེན་ཨ་པད་རིན་པོ་ཆེའི་དགོངས་བཞེད་ལྟར་གུ་རུས་ཞབས་ཞུ་བགྱིས་པའོ།།