R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༢༠༢
[A:༢༠༢]སུ་འཛིན་ཅིང་། རྣམ་འདྲེན་ཟས་གཙང་སྲས་པོའི་བསྟན་པ་རིན་པོ་ཆེ་ལ་ཕུད་དུད་སོགས་བླ་ན་མེད་པར་བཀུར་བའི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་རྣམས་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ་འདི་ཡང་། སྟོབས་ཀྱི་དབང་ཕྱུག་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་བཀས་བསྐུལ་བར་བརྟེན། བཀའ་ཆེམས་བཀའ་ཁོལ་མ། ཐུགས་རྗེ་ཆེན་པོའི་སྐོར། མཁས་པའི་དབང་པོ་འགོས་ལོ་གཞོན་ནུ་དཔལ་དང་། ཚལ་པའི་དེབ་ཐེར་སོགས་ཁུངས་ཐུབ་ཀྱི་ཡིག་ཚང་རྣམས་ལ་ཞིབ་མོར་དཔྱད། མཁས་རློམ་དྲེགས་ལྡན་གྱི་ཁུངས་མེད་བླུན་ཚིག་གི་གླེགས་བམ་རྣམས་ལ་དགག་གཞག་ཅུང་ཟད་བགྱིས་ཏེ། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་བཙོང་ཁ་པའི་བསྟན་ལ་ཞུགས་པས་རྒྱུ་མཚན་ཤེས་ནས་མི་ལྡོག་པའི་དད་པ་ཐོབ་ཀྱང་། འཐད་ལྡན་གྱི་གྲུབ་པའི་མཐའ་རྣམས་ལ་ཆོས་སྤོང་གི་སྒྲིབ་པས་མ་སྦགས་ཤིང་། བཅུ་ཕྲག་གི་རིག་པའི་གནས་ལ་བློ་གྲོས་ཀྱི་འཇུག་པ་ཅུང་ཟད་ཤར་བའི་ཟ་ཧོར་གྱི་རིགས་ལས་ལོ་རྒྱུས་སྨྲ་བའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ། མིང་གཞན་ཚངས་སྲས་བཞད་པའི་རྡོ་རྗེ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོ་གསར་པའི་སྡེས། འགྲོ་བའི་བླ་མ་ཤཱཀྱ་སེང་གེ་དྲག་པོ་ཞེས་པ་ལྕགས་སྤྲེལ་ལོར་བལྟམས་ནས་ལོ་ཉིས་སྟོང་དྲུག་བརྒྱ་དང་ཉག་མ་གསུམ་འདས་པ། འཕགས་པའི་ཡུལ་དུ་སཱུརཡ་ཞེས་པ་གངས་ཅན་གྱི་ལྗོངས་འདིར་ཉི་མར་གྲགས་ཤིང་། མཧཱ་ཙི་ནའི་རྒྱལ་ཁམས་སུ་དབང་ཐང་དང་བསྟུན་པའི་སྐད་གུའི་ཝུའི། ཕྱོགས་འདིར་ཆུ་མོ་ལུག་ཏུ་བརྗོད་པའི་གླུ་དབྱངས་ཀྱི་ཟླ་བའི་ཕྱོགས་སྔ་མའི་རྒྱལ་བ་དང་པོའི་ཚེས་ལ། སྨན་ལྗོངས་སའི་ལྟེ་བ་དགའ་ལྡན་ཕོ་བྲང་མེ་ཏོག་མངོན་པར་བཀྲ་བའི་ལྡིང་ཁང་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ༎ ་༎ མངྒ་ལཾ༎