R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A):
[A:༡]བསྐལ་པ་བཟང་པོའི་བལྟ་ན་སྡུག་པའི་གྲོང་ཁྱེར་དབུས་ན་འཇིགས་བྲལ་སྙིང་སྟོབས་གསེར་གྱི་གདན་ཁྲི་ལ༎ གྲགས་སྙན་ནོར་བུའི་རྣ་རྒྱན་འོད་གཟི་མངོན་པར་རབ་འབར་ཆོས་ཀུན་མ་ལུས་གཟིགས་པའི་མིག་སྟོང་ཅན༎ མཐའ་གཉིས་བཅུད་བྲལ་སྡེར་བཅས་བཅོམ་པའི་རྒྱལ་རྔ་སྟོང་བརྡུངས་སྟོབས་བཅུ་མངའ་བ་མཁར་ཉལ་ཚོགས་ཀྱི་དཔལ༎ བླ་ན་མཐོ་བའི་ཁྱུ་མཆོག་ཟས་གཙང་སྲས་པོ་འཆི་མེད་གཙོ་བོས་འཇིག་རྟེན་གསུམ་དུ་དགེ་ལེགས་མཛོད༎ འཆི་བའི་དངོས་པོ་རྣམ་པར་འཇོམས་པའི་གཞོམ་མེད་ཚེ་ཡི་གཡུང་དྲུང་རྟག་པའི་རྡོ་རྗེ་གང་༎ ལོངས་སུ་སྤྱོད་ལ་ཟད་མི་ཤེས་པར་འདོད་པ་འཇོ་བའི་འབྱུང་གནས་མཆོག་གི་གན་མཛོད་ཀྱི༎ ཁྱབ་བདག་དབང་པོར་དུས་གསུམ་རྒྱལ་བ་ཡོངས་ཀྱིས་ལེགས་བསྔགས་ཚེ་དང་ཡེ་ཤེས་དཔག་ཏུ་མེད༎ ཚེ་དཔལ་ཡོངས་འདུའི་ལྗོན་པ་དུས་སུ་སྨིན་པའི་དངོས་གྲུབ་འབྲས་བུ་བླ་ན་མེད་པ་སྩོལ༎