[A:༤༡༣]པའི་ཞལ་ཏ་བཟང་པོ་མཛད་དེ། ཡོས་ལོ་ཟླ་བ་ལྔ་པའི་ཚེས་བཅུའི་ཐོ་རངས་ཀྱི་ཆ་ལ་རྒྱུད་སྡེ་ནས་གསུངས་པའི་འདའ་ཀ་མའི་ཐུགས་དམ་ཟབ་མོའི་ངང་ནས་ཞི་བར་གཤེགས་པའི་ཚུལ་བསྟན། སྔ་མོའི་དུས་ཀྱི་གསུང་སྒྲོས་ལ། སྤྱིར་བླ་མ་ཐམས་ཅད་ལ་དབྱེ་བ་མེད་ན་ཡང༌། ཆོས་རྗེ་རིན་པོ་ཆེ་དང༌། རི་ཁྲོད་པ་གཉིས་པོ་ངེད་ཀྱི་རྩ་བའི་བླ་མ་ཡིན་ཞིང་ཁྱད་པར་ཆོས་རྗེ་རིན་པོ་ཆེ་དེ་ཉིད་ངེས་པར་དགའ་ལྡན་དུ་གཤེགས་པ་ཡིན། དེའི་རྟེན་འབྲེལ་གྱི་ནང་རྟེན་ལ་ཡང་བྱམས་པའི་སྐུ་བཞེངས་གསུངས་པ་མཛད། འདི་རྣམས་ཡིད་བརྟན་ཐུབ་པས་ཆོས་རྗེ་གང་དུ་བཞུགས་པར་སྐྱེ་བའི་འདུན་པ་དང་སྨོན་ལམ་ཡང་བྱས་གསུངས་པས། གསུང་སྒྲོས་འདི་ལ་བསམས་ན་བླ་མ་འདི་ཉིད་ཀྱང༌། འོད་གསལ་ལས་ཟུང་འཇུག་ཏུ་བཞེངས་དུས་དགའ་ལྡན་དུ་བྱོན་པ་ལ་ཐེ་ཚོམ་མེད་དོ། །སྐུ་གདུང་མཆོད་རྟེན་དུ་བཞུགས་པའི་དུས་སུ་ཡང༌། དྲི་ཞིམ་པོ་དང༌། སིལ་སྙན་གྱི་སྒྲ་བྱུང་བ་དང༌། གདུང་བཞུ་བའི་དུས་སུ་འཇའ་འོད་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་དང༌། གདུང་ཁང་ཞལ་ཕྱེ་བ་ན། སྐུ་གདུང་རིང་བསྲེལ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བྱོན་པས་ཀྱང་གདུལ་བྱ་རྣམས་ཀྱི་དད་པའི་པདྨོ་ཤིན་ཏུ་རྒྱས་པར་མཛད་པ་ཡིན་ནོ། །ཞེས་པ་འདི་ནི་བླ་མ་འདི་ཉིད་ཀྱི་རྣམ་ཐར་གྲུབ་ཆེན་བུདྡྷ་ཤྲཱིས་མཛད་པའི་ནང་ནས་མདོར་བསྡུས་ཏེ། གསུང་ངག་བླ་མ་བརྒྱུད་པའི་རྣམ་ཐར་གྱི་ཁ་སྐོང་དུ་དཀོན་མཆོག་རྒྱལ་མཚན་གྱིས་བྲིས་པའོ།།