R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༧༣
[A:༤༧༣] ཉེར་བཞིའི་སྔ་སྐད་སྐུ་གདུང་ལ་ཞུགས་འབུལ་བའི་ཚེ། ནམ་མཁའ་ལ་འཇའ་དང་མེ་ཏོག་གི་ཆར་བསམ་གྱིས་མི་ཁྱབ་པ་བབ་ཅིང༌། དེ་མན་ཆད་ཀྱང་མེ་ཏོག་གི་ཆར་རྒྱུན་མི་ཆད་པར་བབ་པོ། །ས་ག་ཟླ་བའི་ཚེས་གཅིག་ལ་གདུང་ཁང་ཞལ་ཕྱེ་བའི་ཚེ། གདུང་རུས་ལ་རིང་བསྲེལ་དཀར་པོ་དང༌། སེར་པོ་ལ་སོགས་པ་རབ་ཏུ་མང་པོ་བྱོན་འདུག་པ་རྣམས་གོས་དར་གྱི་ན་བཟའ་བཟང་པོ་དང་དྲི་བཟང་དང་བཅས་ཏེ། སྐུ་འདྲ་དང་སྟོན་པའི་གསེར་སྐུའི་ནང་དུ་བཞུགས་སོ། །གདུང་རུས་ལྷག་མ་གདུང་ཐལ་དང་བཅས་པ་རྣམས་ཞལ་ཏའི་ལུགས་བཞིན་ཅུང་ཟད་ཙམ་ཡང་མ་འཐོར་བར། གདུང་ཚ་ཁྲི་ཚོ་བདུན་མི་ཆད་པར་བཞེངས་སོ། །གདུང་ཚ་ཆུང་ངུའི་ཞབས་ལ་རྡོ་རྗེ་རྒྱ་གྲམ་དང་བཅས་པ་ཁྲི་ཚོ་ཕྱེད་བཞི་ཙམ་བཏབ་པ་ན་བཟའ་གསེར་གསོལ་ཏེ། ཕྱོགས་ཕྱོགས་སུ་བྱིན་རླབས་ཀྱི་རྟེན་ལ་ཡང་འབུལ་བའི་ལུགས་སུ་བྱས། གདུང་ཚ་ལྷག་མ་རྣམས་གཙང་ཁང་གི་ནང་དུ་མཆོད་རྟེན་གསེར་འབུམ་ཅིག་བཞེངས་ཏེ། དེའི་ནང་དུ་བཞུགས་སུ་གསོལ་ལོ། །དེ་ལྟར་གསོལ་འདེབས་ནས་བརྩམས་ཏེ། གསེར་འབུམ་གྱི་བར་དུ་བཞེངས་པ་ལ། བར་ཆད་ཀྱི་རྣམ་པ་ཅུང་ཟད་ཀྱང་མེད་པར་ལེགས་པར་མཐར་ཕྱིན་པ་འདི་ནི། རྗེ་རིན་པོ་ཆེ་ཉིད་ཀྱི་བྱིན་རླབས་དང༌། ཐུགས་རྗེ་ལས་ཡིན་པར་ཀུན་གྱིས་མཐུན་སྣང་དུ་གྲུབ་བོ་ཞེས་པ་སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཅིག་བླངས་ནས། ལམ་འབྲས་བླ་མ་བརྒྱུད་པའི་རྣམ་ཐར་གྱི་ཁ་སྐོང་དུ། རྗེ་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་བཤེས་གཉེན་དུ་མས་བཀས་གནང་བའི་ངོར། སློབ་འབངས་ཀྱི་ཐ་ཆུངས་དཀོན་མཆོག་རྒྱལ་མཚན་གྱིས་མེ་མོ་གླང་གི་ལོ་གྲོ་བཞིན་གྱི་ཟླ་བའི་ཚེས་བཅོ་ལྔ་ལ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་གཙུག་ལག་ཁང་དུ་བྲིས་པའོ། །
རྗེ་འདིའི་རྣམ་ཐར་གུ་གེ་པཎ་ཆེན་དང༌། ཡེ་ཆེན་པོས་མཛད་པ་རྣམ་རྙེད་ན་སླར་འཛུད་དགོས།། །།