R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • Pagination (Witness A): ༣༣
[A:༣༣]ཕྱིར། །འབྲལ་བ་མེད་སེམས་སྤོབས་པ་སྐྱེས་པར་གྱུར། །བདག་ཀྱང་སྐྱེ་བ་འདི་ནས་བཟུང་ནས་ནི། །རྡོ་རྗེ་འཛིན་པའི་གོ་འཕང་མ་ཐོབ་པར། །བླ་མའི་ཞབས་ཀྱི་པདྨ་རྟག་བརྟེན་ཅིང༌། །སྙན་བརྒྱུད་བཞི་ཡི་དཔལ་ལ་རོལ་པར་ཤོག །དམ་པའི་ཡོན་ཏན་དཔག་ཡས་རྒྱ་མཚོ་ལས། །ཆུ་ཐིགས་ཙམ་ཞིག་བརྗོད་པའི་དགེ་བ་དེས། །ནམ་མཁའི་མཐའ་ཀླས་སེམས་ཅན་ཀུན་དོན་དུ། །བཅུ་གསུམ་ཐར་པའི་གོ་འཕང་ཐོབ་པར་ཤོག །ཅེས་པ་འདི་ནི་གསུང་ངག་རིན་པོ་ཆེའི་བླ་མ་བརྒྱུད་པའི་རྣམ་ཐར་གྱི་ཁ་སྐོང་དུ་རང་ཉིད་ལ་རྩོམ་པར་འདོད་པའི་བློ་ཡོད་པ་དང༌། གནས་སྐབས་སུ་ལུང་དང་རིགས་པའི་དབང་ཕྱུག་མཁན་ཆེན་དཀོན་མཆོག་དཔལ་བ་ལ་སོགས་པ་དགེ་བའི་བཤེས་གཉེན་དུ་མས་ནན་གྱིས་བསྐུལ་བ་ལ་བརྟེན་ནས་འཁོན་གྱི་རིགས་ཅན་ཨ་ཝ་དྷཱུ་ཏཱི་པའི་བཙུན་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་སྒྱུར་བྱེད་ཀྱི་ལོ། སྨིན་དྲུག་ཟླ་བའི་ཚེས་བཅོ་ལྔའི་ཉིན་ཆོས་གྲྭ་ཆེན་པོ་དཔལ་འཁོར་བདེ་ཆེན་ལེགས་བཤད་སྒྲོགས་པའི་ཚལ་དུ་ཡོངས་སུ་རྫོགས་པར་སྦྱར་བའི་ཡེ་གེ་པ་ནི་མངྒ་ལ་ཤྭཱ་རས་བགྱིས་པའོ།། །།བླ་མ་དམ་པའི་བྱིན་རླབས་རྒྱུད་ལ་འཇུག་པར་གྱུར་ཅིག །དགེ་ཞིང་བཀྲ་ཤིས།། ༈ གཞན་ཡང་དམ་པ་འདིའི་རྣམ་པར་ཐར་པ་རྒྱས་པ་ཀུན་མཁྱེན་གོ་རམས་པ་ཆེན་པོའི་གསུང་དང་མཁས་པ་གུང་རུས་མཛད་པ་ཨེ་ཝཾ་པའི་གདན་རབས་རྣམ་ཐར་དབུས་སུ་བཞུགས་པ་དང༌། དེར་མ་གཏོགས་པ་བྱམས་ཆེན་རབ་འབྱམས་པས་མཛད་པའི་གསོལ་འདེབས། སྲད་པ་ཀུན་བློ་དང་རྭ་དབོན་ཡོན་ཏན་དཔལ་བཟང་གིས་མཛད་པ་སོགས་མང་དུ་ཡོད་པ་ལས་ཀྱང་རྟོགས་པར་བྱའོ།།