[A:༡༨༢]པར་བྱོན། ཀུན་མཁྱེན་དོལ་བུ་དང་དགུང་མཉམ་ཡིན་ཞིང་། མཁས་ཤིང་གྲུབ་པ་བརྙེས་པ་ཞིག་ཡིན་ཞིང་། ལམ་འབྲས་ས་ལུགས་དང་ཞྭ་ལུགས་གཉིས་ཆར་བཞུགས།
དེ་ཡང་ས་ལུགས་ནི། ལ་ཏུ་(རུ་)བ་དང་ཉན་ཆེན་པ་གཉིས་ལ་གཙོ་བོར་གསན་གཞན་ཡང་ཚོགས་སྒོམ་པའི་དངོས་སློབ་གཉན་(གཉག)སྙིང་པོ་རྒྱལ་མཚན། དེའི་སློབ་མ་མང་མཁར་བ་རྟ་ལུང་བཀྲ་ཤིས་བཟང་པོ། ཛ་ཚ་ལུང་པ་རྒྱལ་མཚན་དཔལ། བར་སྟོན་རྡོ་རྗེ་རྒྱལ་མཚན། དགེ་རྒན་ཐུགས་རྗེ་བསོད་ནམས་དང་བཞིའི་རྟ་ལུང་ལའང་ཐོར་ཆགས་གསན་ཟེར།
ཁོང་གིས་ཞྭ་ལུགས་ནི། འཛིན་པ་རྒྱལ་མཚན་དཔལ་ལ་གསན་པ་ཡིན་ལ། འཛིན་པ་དེ་ལ་ལམ་འབྲས་ཀྱི་འཁྲིད་ལུགས་མི་འདྲ་བ་བཅོ་བརྒྱད་བཞུགས་པར་གྲགས་པའི། རྒན་མོ་ལྷས་པ་མཁན་ཆེན་བྱང་ཆུབ་དཔལ་ལ་གསན། དེས་ཀོ་བྲག་པ་བསོད་ནམས་རྒྱལ་མཚན་ལ་གསན་པ་ཡིན་ལ། དེ་ལྟ་བུའི་གངས་ཁྲོད་པ་ནས་བརྒྱུད་པའི་གསུང་ངག་ནི། དེས་ས་བཟང་མ་ཏི་ལ་གནང་། དེས་ཐེག་ཆེན་ཆོས་རྗེ་ལ་གནང་། དེས་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་ལ་གནང་། དེས་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་ནས་བརྒྱུད་དེ་ཁོ་བོ་ཅག་གི་བརྒྱུད་པ་འདི་ལ་བཞུགས་པ་ཡིན་ནོ།
གངས་པ་འདི་ཉིད་ཀྱིས་དཔལ་ངམ་རིངས་ཀྱི་མཁན་པོ་ཡང་ལོ་དགུའི་རིང་མཛད་དེ་མཁན་རབས་གསུམ་པ་ཡིན། མཁན་པོ་ཐོག་མ་ནི་དཔོན་ཆེན་ཡོན་བཙུན་ཆེན་པོས། ཏི་ཤྲི་གྲགས་འོད་དང་། དེའི་དབོན་པོ་ཏི་ཤྲི་སངས་རྒྱས་དཔལ་དང་། དེའི་དབོན་པོ་ཀུན་སྤངས་གྲགས་པ་རྒྱལ་མཚན་རྣམས་ལ་བཀའི་ནང་བ་ཞུས་ཤིང་། ཁུ་དབོན་དེ་དག་གིས་མཐུན་པའི་རྐྱེན་སྦྱར་ནས་