[A:༡༨༣] སྟག་སྡེ་ལ་རྒྱབ་ཏུ་སྐུ་འཁྲུངས་པའི་མཁན་པོ་ཤཱཀྱ་སེང་གེ་སྤྱན་དྲངས་ནས་ཆོས་སྡེ་ཆེན་པོ་ཐོག་མར་བཙུགས་ཞེས་འབྱུང་བས་སུམ་སྟོང་བཞི་བརྒྱ་དང་ཉི་ཤུ་ཙམ་ཞིག་འདས་པའི་ཚེ་དཔལ་ངམ་རིངས་ཀྱི་ཆོས་སྡེ་ཐོག་མར་གཞི་ཚུགས་པ་ཡིན་སྙམ་དུ་སེམས་སོ། དེས་ན་ཀུན་མཁྱེན་དོལ་བུ་དང་ཀུན་མཁྱེན་གངས་ཁྲོད་པ་བྱོན་པའི་ཆུ་ཕོ་འབྲུག་ནས་ལོ་གྲངས་ཉིས་བརྒྱ་དང་དོན་གཉིས་འདས་པའི་དོན་གསུམ་པ་ཤིང་ཕོ་བྱི་ལོ་འདི་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ།
སུམ་སྟོང་བཞི་བརྒྱ་དང་ཉེར་བདུན་འདས་པའི་ཉེར་བརྒྱད་པ་ཤིང་མོ་ལུག་
སྤྱི་ལོ་༡༢༩༥
ལ་རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་ལྷོ་ཕུལ་ཆུང་དུ་བྱོན། བཅུ་བཞི་པ་ལ་བསམ་གླིང་པ་དཔལ་འབར་དང་། རིན་ཆེན་དཔལ་བཟང་གི་དྲུང་དུ་རབ་ཏུ་བྱུང་། མཚན་བཟང་པོའི་དཔལ་ཞེས་གསོལ། བཅོ་ལྔ་པ་ལ་བོ་དོང་ཨེར་སློབ་དཔོན་ཀུན་དགའ་རྒྱལ་མཚན་པའི་དྲུང་དུ་མངོན་པ་སོགས་ལ་སྦྱངས། འཇམ་དབྱངས་ཉི་མ་རྒྱལ་མཚན་པས། མངོན་པ་ནས་ཟང་ཟིང་མེད་པའི་ཚོར་བ་སྡུག་བསྔལ་བཤད་ཀྱང་། ཟང་ཟིང་མེད་པ་དང་། ཚོར་བ་སྡུག་བསྔལ་སྲིད་པ་འགལ་བས་ལན་ཐོབས་གསུངས་པ་ལ། ཉན་རང་དགྲ་བཅོམ་པ་ལ་ཉོན་མོངས་མེད་ཀྱང་། སྔ་མའི་ལས་དབང་གི་ཚོར་བ་སྡུག་བསྔལ་འབྱུང་ཚུལ་བཤད་པའི་སྒོ་ནས་ལན་མཛད་པས། ཐོགས་མེད་བཟང་པོ་དཔལ་ཞེས་སྙན་པར་གྲགས། དཔང་ལོ་བུ་དོལ་ཆོས་རྗེ་བླ་མ་ལ་སོགས་པའི་མཁས་གྲུབ་དམ་པ་བསྟེན་ནས་བཅུ་གུ་པ་ལ་བཤད་པའི་དགའ་སྟོན་སྤེལ། ཉེར་གཅིག་པ་ནས་འཆད་པོའི་རིང་ལུགས་བསྐྱངས། ཉེར་དགུ་པ་ལ་བྱང་སེམས་རིན་མགོན་དང་། ནམ་མཁའ་སངས་རྒྱས་སོགས་ལས་བསྙེན་པར་རྫོགས། སོ་གཉིས་ནས་ཞེ་གཅིག་གི་བར་དུ་བླ་བྲང་རྟ་རའི་གདན་ས་མཛད། དེ་ནས་ཨེའི་ཆོས་ཀྱི་ཁྲིར་གསོལ་བ་