[A:༡༦] ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་ཏེ་བསྐོར་བའི་དང་པོའི་ཚེ་ཀཽཎྜི་ཎྱས་མཐོང་ལམ་ཐོབ། གཉིས་པའི་ཚེ་ཀཽཎྜི་ཎྱས་དགྲ་བཅོམ་པ། གཞན་བཞིས་མཐོང་ལམ། གསུམ་པའི་ཚེ་གཞན་བཞིས་དགྲ་བཅོམ་པ་ཐོབ་ཅིང་། སྟོན་པའི་སྨོན་ལམ་གྱི་མཐུས། ལྔ་སྡེས་མཐོང་ལམ་ཐོབ་པའི་ཚེ། བསྙེན་རྫོགས་ཀྱི་སྡོམ་པ་ཡང་ཐོབ་པས། ངེས་ཞུགས་སམ་ཡེ་ཤེས་ཁོང་ཆུད་ཀྱི་བསྙེན་རྫོགས་ཀྱི་སྡོམ་པ་ཞེས་གྲགས་སོ། དུས་དེའི་ཚེ་བསྟན་པ་འདི་ལ་ལུང་རྟོགས་ཀྱི་ཆོས་འཁོར་དང་། སྐྱབས་དཀོན་མཆོག་གསུམ་སོགས་ཐོག་མར་བྱུང་བའི་དུས་ཡིན་པས་དུས་བཟང་པོ་གཉིས་པའོ། འདིའི་ཚངས་པ་ནི་གདོང་པ་ལྔ་པར་ལུང་ལས་བཤད་ཅིང་། ཚངས་པ་གདོང་བཞི་པ་ནི་འདོད་ཁམས་ཀྱི་ཚངས་པ་ཁོ་ནའི་ཞེས་ཁོ་བོས་སེམས་སོ།
འདིར་སྔོན་གྱི་མཁས་གྲུབ་འགའ་ཞིག་དང་། རྗེ་རྡོ་རྗེ་རྒྱལ་མཚན་པས་དུས་ཆེན་འདི་ནི་དྲུག་པའི་ཚེས་ལྔ་ལ་རིགས་ཏེ། རྒྱུ་མཚན་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་དུ་ཆོས་འཁོར་མ་བསྐོར་བས། དེ་ཐིམ་པའི་ཚེ་བསྐོར་བ་གང་ཞིག་བདུན་ཕྲག་བདུན་འདས་པའི་ཕྱི་དེའི་ཞག་ནི་དྲུག་པའི་ཚེས་ལྔ་ལ་འབྱུང་བའི་ཕྱིར་རོ། ཞེས་གསུངས་མོད། སྐྱོན་མེད་དེ་ས་གའི་ཚེས་བཅོ་ལྔའི་ཕྱི་དེ་ཚེས་བཅུ་དྲུག་བདུན་ཕྲག་རྩིས་ན་དེ་ལྟར་ཡིན་ཀྱང་། ཚེས་བཅོ་ལྔ་ནས་རྩིས་པའི་བདུན་ཕྲག་ནས་བདུན་འདས་པའི་ཕྱི་དེའི་ཞག་ནི་དྲུག་པའི་ཚེས་བཞི་ཉིད་ལ་འབྱུང་བའི་ཕྱིར་རོ།
དེ་ནས་ཝཱ་ར་ན་སིའི་ཁྱིམ་བདག་རིགས་ཀྱི་གཙོ་བོའི་བུ་གྲགས་པ། གང་པོ། དྲི་མ་མེད་པ། བ་ལང་བདག། ལག་བཟང་སྟེ་ཉེ་བའི་ལྔ་སྡེས་དགྲ་བཅོམ་པ་ཐོབ། དེ་ལྔ་ནི་ཚུར་ཤོག་གི་བསྙེན་པར་རྫོགས་པའི་ཐོག་མ་ཡིན་ནོ། རྩ་བའི་སྡེ་ལྔ་ནི་མཐུན་པའི་གྲོགས་ཡིན་པས་ལྔ་སྡེ་དང་། འདི་ལྔ་ནི་སྤུན་ཡིན་