[A:༢༦] ཞེས་དེའི་ཚེ་སྟོན་པ་བརྒྱད་ཅུ་པ་ཡིན་ལ། དེའི་རྗེས། གསལ་རྒྱལ་གྱི་བློན་པོ་རྣམས་ཀྱིས། ཡབ་གསལ་རྒྱལ་རྒྱལ་སྲིད་ལས་ཕབ་སྟེ། སྲས་འཕགས་སྐྱེས་པོ་རྒྱལ་པོར་བཏོན། གསལ་རྒྱལ་རྒྱལ་པོའི་ཁབ་ཏུ་གྲུ་(ཁྲུ) ནད་ཀྱིས་གྲོངས། དེའི་རྗེས་གསལ་རྒྱལ་གྱི་སྲས་འཕགས་སྐྱེས་པོ་དང་། བློན་པོ་མ་ལ་གནོད་ཀྱིས། སེར་སྐྱ་ལ་དམག་དྲངས་ཏེ་ཤཱཀྱ་བདུན་བརྒྱ་བསད་པའི་དུས་སུ་ཡང་མིའུ་འགལ་གྱི་བུ་བཞུགས་པའི་ཕྱིར་ཏེ། དེའི་ཚེ་མིའུ་འགལ་གྱི་བུས། འཕགས་སྐྱེས་པོའི་དམག་རྣམས་ལྕགས་རིའི་ཕྱི་རོལ་དུ་འཕངས་ལགས་སམ་ཞུས་པས། སྟོན་པས་དེ་ལྟར་མི་རིགས་ཏེ། ཤཱཀྱ་རྣམས་ནི་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་ཡིན་ནོ། ཞེས་བཤད་པས་སོ། དེས་ན་མིའི་འགལ་བུ་ནི་ཕྱིར་རོལ་པའི་དབྱུག་པས་ཡན་ལག་འདམ་བུ་བཅོམ་པ་ལྟར་བཏང་བའི་རྐྱེན་གྱིས་མྱ་ངན་ལས་འདས། དེའི་ཚེ་དགྲ་བཅོམ་པ་བདུན་བརྒྱ་ཡང་ལྷག་མེད་དུ་ཞུགས། དེའི་སྔ་དྲོ་ཤཱ་རིའི་བུ་དགྲ་བཅོམ་པ་བརྒྱད་བརྒྱ་དང་བཅས་པ་ལྷག་མེད་དུ་འདས་པར་བཤད་དོ།
དེ་ལྟར་མདོ་ལུང་གི་གོ་རིམ་ལ་བལྟས་པའི་ཚེ། འཕགས་སྐྱེས་པོས་ཤཱཀྱ་བདུན་བརྒྱ་བསད་པ་སོགས། སྟོན་པས་དགུང་ལོ་བརྒྱད་ཅུ་བཞེས་པའི་ཚེ་ཡིན་པར་ཤིན་ཏུ་གསལ། འོན་ཀྱང་། ཤཱཀྱ་དེ་ལྟར་བསད་པའི་རྐྱེན་གྱིས། ཀུན་དགའ་བོའི་ཚ་བོ་གཉིས་སོགས་ལྟོ་ཕྱིར་དུ་འཁྱམས་པ་རབ་ཏུ་བྱུང་བ་ན། ལོ་བདུན་མ་ལོན་པར་རབ་བྱུང་བྱར་མི་རུང་བའི་བཅས་པ་མཛད་པར་བཤད་པས། དེ་དག་དང་དུས་སྐབས་ཇི་ལྟར་འགྲིག་མཁས་པས་དཔྱད་པར་བྱ་དགོས་སོ།
དེ་ལྟ་བུའི་སྟོན་པ་ལ་གཙུག་ལག་ཁང་གིས་ཐོག་མར་མཉེས་པ་ནི་ཝཱ་ར་ན་སིའི་ཁྱིམ་བདག་དགེ་བཟང་། དགེ་འདུན་གྱི་གསོས་ཀྱིས་ཐོག་མར་མཉེས་པ་ནི།